ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བདུན་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གྲོས་ཚོགས་ཐེངས་བདུན་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཞིས་དང་ཝང་ཁྲིན། ཚའོ་ཅན་མེན། ཀྲང་ཁྲོན་ཞན། ཧྲིན་ཡའེ་ཡའེ། ཅིས་པུན་ཞོན། ཨད་ལིས་ཀུན་ཡུས་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ་བཅས་ཚོགས་འདུར་ཞུགས། ཚོགས་འདུར་འབྱོར་དགོས་པའི་མི་གྲངས་བརྒྱ་དང་དགུ་བཅུ་ཡིན་པ་དང་། ཚོགས་འདུར་དངོས་སུ་ཞུགས་པའི་མི་གྲངས་བརྒྱ་དང་དགུ་བཅུ་ཡིན་པས། དེ་ནི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཁྲིམ་བཀོད་མི་གྲངས་དང་མཐུན།

«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས»དོན་ཚན་རེ་གཉིས་པའི་ཐག་བཅད་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གདམ་མི་སྤྲོད་དགོས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་གདམ་མི་བསྐོ་འཇོག་བྱེད་པར་སྤྲོད་དགོས།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་རིམ་པར་བརྡས་ཐག་བཅད་དེ། ཞི་ཅིན་ཕིང་གིས་མིང་འདོན་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གདམ་མི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་གདམ་མི་འཐུས་ཚབ་ཚོགས་པ་སོ་སོར་སྤྲོད་རྒྱུ་ཐག་བཅད།

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་རྒྱལ་ཁབ་ལྟ་ཞིབ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་བ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གདམ་མིའི་མིང་ཐོ་བསྒྲགས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་སོ་སོར་བརྡས་ཐག་བཅད་དེ། གོང་གསལ་གྱི་གདམ་མི་རྣམས་ཀྲུའུ་ཞི་ཚོགས་པས་མིང་བཏོན་པར་བརྩིས་ཏེ། འཐུས་ཚབ་ཚོགས་པ་སོ་སོས་གྲོས་མོལ་མཛད་རྒྱུར་སྤྲོད་རྒྱུ་ཐག་བཅད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།