ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་སྐབས་གསར་བའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་བདམས་ཐོན་བྱུང་བ་དང་། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1521335722490580.jpg

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཞི་ཅིན་ཕིང་།

1521335147588871.jpg


ཟླ3པའི་ཚེས17ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་ཚོགས་ཐོག་ནས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས། པར་འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས།

འདེམ་བསྐོ་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

ཚོགས་ཐོག་ནས་ད་དུང་ལིས་ཀྲན་ཧྲུའུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་ཝང་ཆི་ཧྲན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས།

ཟླ་གསུམ་པའི་ཚེས་བཅུ་བདུན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་བརྒྱད་ཅུ་ཞུགས་དགོས་པ་དང་ཉིན་དེའི་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་བདུན་ཅུ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཞི་ཡིས་འགོ་འཛིན་བྱས་པ་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཏུང་མེན་དང་ཞུའུ་ཆི་ལེང་། ཀྲང་ཞོན། ལིའུ་ཆིན་ཅན། ལོ་ཧོས་ཉིན། ཅང་ཁྲའོ་ལེང་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སུ་བསྡད་ཡོད།

ཚོགས་ཐོག་ནས་ཐོག་མར་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བཅོས་སྒྱུར་ཇུས་གཞི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བར་མ་ཟད་ཇུས་གཞི་དེ་ལ་ཆོག་མཆན་བཀོད། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སེམས་ཞིབ་མོས་རྩ་འཛུགས་བྱེད་པ་དང་བཀོད་སྒྲིག་གང་ལེགས་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོ་དང་བསྐོ་འཇོག་བྱེད་ཐབས་ལ་གྲོས་འཆམ་བྱུང་།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉེར་གསུམ་གྱི་སྟེང་འདེམ་བསྐོ་དངོས་སུ་འགོ་བརྩམས། འདེམ་ཤོག་ལྟ་སྐུལ་པས་ཐོག་མར་ཚོགས་རའི་ནང་བཀོད་སྒྲིག་བྱས་པའི་གློག་རྡུལ་འདེམ་ཤོག་འཕེན་སྒམ་དང་གློག་རྡུལ་འདེམ་བསྐོ་མ་ལག་ལ་ཞིབ་བཤེར་བྱས། དེར་མཐུད་ནས་ལས་བྱེད་མི་སྣས་འཐུས་མི་རྣམས་ལ་འདེམ་ཤོག་བྱིན་ཏེ་འདེམ་ཤོག་འབྲི་འགོ་བརྩམས།

འདེམ་བསྐོ་དང་བསྐོ་འཇོག་བྱེད་ཐབས་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་འདེམ་གྲངས་མཚུངས་པའི་འདེམ་བསྐོ་བྱེད་ཐབས་སྤྱད་དེ་འདེམ་བསྐོ་བྱས།

དུས་ཚོད་དགུ་དང་སྐར་མ་ཞེ་གཅིག་གི་སྟེང་། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པས་ཐོག་མར་འདེམ་ཤོག་འཕངས། རྗེས་སུ་འཐུས་མི་རྣམས་ཀྱིས་འདེམ་ཤོག་འཕེན་འགོ་བརྩམས། འདེམ་ཤོག་འཕངས་ཚར་རྗེས་སྤྱིའི་འདེམ་ཤོག་ལྟ་སྐུལ་པས་འདེམ་ཤོག་བཀྲམ་པ་དང་འདེམ་ཤོག་ཕྱིར་བསྡུས་པའི་གནས་ཚུལ་ཁྱབ་སྒྲོག་བྱས།

ལས་བྱེད་མི་སྣས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམ་སྐབས། ཞི་ཅིན་ཕིང་ལ་འདེམ་ཤོག་སྟོང་གཉིས་དང་དགུ་བརྒྱ་བདུན་ཅུ་ཐོབ་པ་ཁྱབ་སྒྲོག་བྱས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེལ་སྒྲས་ཁེངས།

འགོ་འཛིན་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པ་ཁྱབ་སྒྲོག་བྱས་རྗེས། ཞི་ཅིན་ཕིང་ཡར་ལངས་ཏེ་འཐུས་མི་རྣམས་ལ་གུས་འདུད་ཞུས་པ་དང་། འཐུས་མི་ཚང་མ་ཡང་ཡར་ལངས་ཏེ་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་རྡེབ་ནས་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུས། ལིས་ཁི་ཆང་དང་ཀྲང་ཏི་ཅང་གཉིས་ཀྱིས་སོ་སོར་ཞི་ཅིན་ཕིང་ལ་ཕྱག་འཇུ་གནང་ཞོར་དུ་རྟེན་འབྲེལ་ཞུས།

འགོ་འཛིན་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས་པ་ཁྱབ་སྒྲོག་བྱས་རྗེས། ཚོགས་ར་ཡོངས་སུ་ཡང་བསྐྱར་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་། ཞི་ཅིན་ཕིང་ཡང་བསྐྱར་ཡར་ལངས་ཏེ་འཐུས་མི་རྣམས་ལ་གུས་འདུད་ཞུས།

དེར་མཐུད་ནས་འགོ་འཛིན་པས་རིམ་པ་བཞིན་བློ་མཐུན་ལིས་ཀྲན་ཧྲུའུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་ཁྱབ་སྒྲོག་བྱས།

ཐལ་མོ་རྡེབ་སྒྲའི་ཁྲོད་དུ་གསར་དུ་བདམས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡར་ལངས་ཏེ་འཐུས་མི་རྣམས་ལ་གུས་འདུད་ཞུས། དེར་མཐུད་ནས་ཁོང་ཉིད་ཞི་ཅིན་ཕིང་དུ་གམ་དུ་ཕེབས་ནས་བརྩེ་བའི་ཕྱག་འཇུ་གནང་བ་དང་ཞི་ཅིན་ཕིང་གིས་ཁོང་ལ་རྟེན་འབྲེལ་ཞུས། ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ལ་ཕྱག་འཇུ་གནང་ནས་ཕན་ཚུན་ལ་གུས་འདུད་ཞུ་བའི་ཚུལ་བསྟན། ཀྲང་ཏི་ཅང་གིས་ཀྱང་ཞི་ཅིན་ཕིང་ལ་ཕྱག་འཇུ་གནང་ནས་བཀའ་དྲིན་ཆེ་ཞུས།

བློ་མཐུན་ཝང་ཆི་ཧྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས། ཐལ་མོ་རྡེབ་སྒྲའི་ཁྲོད་དུ་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་འཐུས་མི་རྣམས་ལ་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གིས་ཁོ་ལ་ཕྱག་འཇུ་གནང་ཞོར་དུ་རྟེན་འབྲེལ་ཞུས།

བློ་མཐུན་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཨེ་ལིས་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏ་ཧྥུན། ཝུའུ་ཝེ་ཧྭ་བཅས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས།

བློ་མཐུན་དབྱང་ཀྲིན་ཝུའུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས།

འདེམ་བསྐོའི་མཇུག་འབྲས་སོ་སོ་ཁྱབ་སྒྲོག་བྱས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

དུས་ཚོད་བཅུ་དང་སྐར་མ་ཞེ་དགུའི་སྟེང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རོལ་མོ་ཚོགས་པས་ཡུལ་དངོས་ནས་དམ་བཅའ་འཇོག་པའི་མཛད་སྒོའི་རོལ་མོ་དཀྲོལ་བ་དང་། དམག་མི་གསུམ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟུང་སྟེ་ཀྲུའུ་ཞི་སྟེགས་བུའི་སྟེང་སོང་བར་མ་ཟད་རྩ་ཁྲིམས་དམ་བཅའ་འཇོག་པའི་སྟེགས་བུའི་སྟེང་བཞག

གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཡར་ལངས་ཏེ་ཀྲུའུ་ཞི་སྟེགས་བུའི་དམ་བཅའ་འཇོག་པའི་སྟེགས་བུའི་མདུན་དུ་ཕེབས།

ཞི་ཅིན་ཕིང་གིས་ཕྱག་གཡོན་པས་རྩ་ཁྲིམས་མནན་པ་དང་ཕྱག་གཡས་པ་ཡར་བཀྱགས་ནས་དམ་བཅའ་བཞག དམ་བཅའ་བཞག་རྗེས་ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ལ་གུས་འདུད་ཞུས།

དེར་མཐུད་ནས་གསར་དུ་བདམས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་དང་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་རྣམ་གཉིས་ཀྱིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བཞག་པ་དང་། གསར་དུ་བདམས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོས་མཉམ་དུ་དམ་བཅའ་བཞག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།