ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསར་དུ་བདམས་པའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དུ་བདམས་པའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སིའི་མི་དམངས་ཀྱིས་མཐུན་སྒྲིལ་སེམས་གཅིག་སྒོས་རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་སྒོས་མདུན་སྐྱོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ནས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན་ཡོད། ཨུ་རུ་སི་ཡིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་གསར་བ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད། དེང་སྐབས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་ཆུ་ཚད་དུ་སླེབས་ཡོད་ལ། ཕན་ཚུན་བར་བརྩི་འཇོག་དང་འདྲ་མཉམ་དྲང་གཞག མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་བྱུང་ཡོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པར་མིག་དཔེ་སྟོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་ཕྱོགས་ནས་འཕེལ་རྒྱས་སྔར་ལས་གསར་བ་འབྱུང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་དང་། ས་ཁུལ་དང་འཛམ་གླིང་ཞི་བདེ་དང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།