ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཆད་ལྟར་རྒྱ་གར་གྱི་ཙུང་ལི་མའོ་ཏི་དང་ཁ་པར་ལས་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཆད་ལྟར་རྒྱ་གར་གྱི་ཙུང་ལི་མའོ་ཏི་དང་ཁ་པར་ལས་གྲོས་མོལ་མཛད། མའོ་ཏི་ཡིས་ཐོག་མར་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བསྟུད་མར་ཁུར་བར་བདམས་ཐོན་བྱུང་བར་ཡང་བསྐྱར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས། མའོ་ཏིས་ཡིས་བསྟན་དོན། ཁྱེད་རང་བསྟུད་མར་བདམས་ཐོན་བྱུང་བ་དེས་ཀྲུང་གོ་མི་དམངས་ཡོངས་ཀྱིས་ཁྱེད་ལ་གཅེས་འཛིན་བྱེད་བཞིན་པ་ཡང་བསྐྱར་བདེན་དཔང་བྱས་ཡོད། རྒྱ་གར་དང་ཀྲུང་གོ་གཉིས་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་དང་འཛམ་གླིང་སྟེང་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་གཉིས་ཡིན། རྒྱལ་གར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཕན་ཚུན་ལ་མཐུན་སྦྱོར་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་བར་གྱི་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་དམ་དང་འཕེལ་རིམ་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ལ། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་འཕེལ་རྒྱས་ལ་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་མའོ་ཏི་ཡིས་ཁ་པར་བཏང་ནས་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཆེ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། གྲོལ་མ་ཐག་པའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཧ་ཅང་བདེ་བླག་ཡིན། གྲོས་ཚོགས་ནས་སྐབས་གསར་བའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་པ་བདམས་ཐོན་བྱུང་བ་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་གྲོས་གཞི་གལ་ཆེན་གཞན་དག་ལ་གྲོས་འཆམ་བྱུང་བར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་བསྒྱུར་བྱས་པ་རེད། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་པ། རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མཉམ་དུ་འཛམ་གླིང་ཡོངས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་སྐུལ་འདེད་རང་བཞིན་གྱི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།