ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧྥན་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་།

མཱ་ཁི་ལུང་གིས་ཐོག་མར་ཞི་ཅིན་ཕིང་མུ་མཐུད་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས། མཱ་ཁི་ལུང་གིས་བཤད་རྒྱུར། ངས་ཧྥ་རན་སི་དང་ཀྲུང་གོ་གཉིས་ཀྱི་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱེད་བཞིན་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་སྣ་ཚོགས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབད་བརྩོན་བྱས་ནས། ང་ཚོའི་བར་ཧྥ་རན་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་འདོད་ཡོད། ཧྥ་རན་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། ཉིང་རྡུལ་ནུས་པ། ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པ། དངུལ་ལོར་ཉེན་ཁ་སྔོན་འགོག་བྱེད་པ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་གྲོལ་མ་ཐག་ཏུ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་ལས་ཁྱེད་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་དོ་སྣང་བྱེད་པ་དང་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ཡོད། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན། ཅུང་མ་འགོར་བའི་སྔོན་གྲོལ་བའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་དེ་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན། ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་པ། སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ཀྱི་དུས་སྐབས་ཤིག་ཡིན་ལ། ཀྲུང་གོས་འཛམ་གླིང་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་དུས་སྐབས་ཤིག་ཀྱང་ཡིན། ཀྲུང་གོའི་འཕེལ་རྒྱས་དེས་ཀྲུང་གོ་དང་ཧྥ་རན་སི་དང་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་མཉམ་ལས་ལ་མཐུན་རྐྱེན་སྔར་ལས་མང་པོ་བསྐྲུན་སྲིད་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཅུང་མ་འགོར་བའི་སྔོན་སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཐོག་མར་ཀྲུང་གོར་འཚམས་འདྲི་བྱས་ནས། ང་ཚོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བཀོད་དེ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་བསྣན་ཡོད། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་གྲོས་མོལ་བཟང་བོར་སྒྲུབ་པ། མཉམ་ལས་གྱི་ཐུན་མོང་གི་ལྟ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། གནད་དོན་གལ་ཆེན་ཐད་ནས་དུས་ཐོག་ཏུ་འབྲེལ་འདྲིས་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།