ཀྲུང་གོ་བོད་ཀྱི་དྲ་བ།

"དྲ་སྦྲེལ+སྨན་བཅོས་བདེ་ཐང"མཉམ་འདྲེས་གཏིང་ཟབ་བྱས་ནས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས16ཉིན། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་སྲིད་ཇུས་སྐོར་གྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་སྨན་བཅོས་དང་། སྤྱི་པའི་འཕྲོད་བསྟེན། སྨན་རྫས་མཁོ་སྤྲོད་འགན་ལེན་སོགས་ཐད་དྲ་སྦྲེལ་དང་སྨན་བཅོས་བདེ་ཐང་ཞབས་ཞུ་གཉིས་ཀྱི་མཉམ་འདྲེས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། འདེགས་སྐྱོར་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམ་པ་མང་ལ་རྣམ་པ་སྣ་ཚོགས་ཀྱི་སྨན་བཅོས་བདེ་ཐང་གི་དགོས་མཁོ་སྐོང་རྒྱུ་རེད།

སྨན་བཅོས་ཐད་ཀྱི“འགག་གནད”བསལ་ནས་མི་སེར་གྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད། ཟླ་འདིར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་《“དྲ་སྦྲེལ+སྨན་བཅོས་བདེ་ཐང”འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་དང་འབྲེལ་རྩ་དོན་ཐོག་ནས་གྲོས་འཆམ་ཡང་བྱུང་བ་དང“དྲ་སྦྲེལ+སྨན་བཅོས་བདེ་ཐང”འཕེལ་རྒྱས་གཏོང་རྒྱུའི་བྱེད་ཐབས་གཏན་འཁེལ་བྱས་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཙེང་ཡེ་ཤིན་གྱིས་བརྡ་གཏོང་ཚོགས་འདུའི་ཐོག་བསམ་འཆར་ངོ་སྤྲོད་བྱེད་སྐབས། སྨན་བཅོས་བདེ་ཐང་དང་དྲ་སྦྲེལ་གཉིས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ན་སྨན་བཅོས་ཀྱི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་རྒྱུ་དང་ཞབས་ཞུའི་མ་ལག་ཧྲིལ་པོའི་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད།

“སྨན་བཅོས་སྒྲིག་གཞིས་དྲ་རྒྱའི་སྨན་ཁང་གཉེར་ནས་ཞབས་ཞུའི་ལས་དོན་སྤེལ་སྐབས་ཞིབ་མཆན་འགོད་པའི་སྨན་བཅོས་ཁྱབ་ཁོངས་ལས་བརྒལ་མི་རུང་། དྲ་སྦྲེལ་ཀུང་སིས་དྲ་རྒྱའི་སྨན་ཁང་གཉེར་སྐབས་རྒྱབ་རྟེན་དུ་དངོས་ཚན་སྨན་བཅོས་སྒྲིག་གཞི་དགོས”རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་དོན་སྨན་སྡོམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཅའོ་ཡ་ཧུའེ་ཡིས་གཅོང་ནད་དང་རྒྱུན་ཐོན་ནད་གཞི་ཁག་གཅིག་དྲ་སྦྲེལ་བརྒྱུད་སྨན་བཅོས་བསྐྱར་མ་བྱས་ན་ཆོག ཡིན་ནའང་དངོས་ཚན་སྨན་ཁང་དང་དྲ་ཐོག་སྨན་ཁང་གཉིས་པོར་ལྟ་སྐུལ་དོ་དམ་གཅིག་མཚུངས་བྱས་ནས་སྤུས་ཚད་དང་བདེ་འཇགས་ཀྱི“མཐའ་ཚད”ནན་པོ་སྲུང་དགོས་ཞེས་བཤད་པ་རེད།

ཅའོ་ཡ་ཧུའེ་ཡིས་ཕྱིར་བསྒྲགས་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་གློད་སྡོམ་ཞབས་གསུམ་གྱི་རྩ་དོན་གཞིར་བཟུང་། དྲ་སྦྲེལ་སྨན་བཅོས་དོ་དམ་བྱ་ཐབས་བཟོ་མགྱོགས་སུ་བཏང་སྟེ་དྲ་སྦྲེལ་སྨན་ཁང་རེ་ཞུ་གཉེར་འཛུགས་ཀྱི་གོ་རིམ་ཞིབ་ཕྲ་དང་ཞིབ་བཤེར་མཆན་འགོད་ཀྱི་ཆ་རྐྱེན་སོགས་གཏན་འཁེལ་ཁ་གསལ་བྱ་རྒྱུ་རེད།

ཅའོ་ཡ་ཧུའེ་ཡིས་སླད་ཕྱིན་དྲ་སྦྲེལ་གྱི་སྟབས་བདེའི་རང་བཞིན་གྱི་ལེགས་ཆ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ་དུས་ཚོད་ཁག་བགོས་ཀྱི་སྔོན་མངགས་སྨན་བཅོས་དང་སྨན་བཅོས་བྱེད་རིང་སྒུལ་བདེའི་གཏོང་སྤྲོད་སོགས“རིག་ལྡན་སྨན་བཅོས”ཞབས་ཞུའི་ལས་དོན་ལེགས་པར་སྤེལ་ནས་མང་ཚོགས་ལ་སྟབས་བདེ་གང་མང་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།