ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁི་པ་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐི་ལའོ་དང་གསར་དུ་འགན་ཁུར་བའི་ཁི་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་བའི་ཏི་ཡ་སི་ཁ་ནི་ཨར་གཉིས་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཁི་པ་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐི་ལའོ་དང་གསར་དུ་འགན་ཁུར་བའི་ཁི་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་བའི་ཏི་ཡ་སི་ཁ་ནི་ཨར་གཉིས་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཁི་པའི་སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མིའི་ཚོགས་སྟེང་སྐབས་གསར་བའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་བདམ་ཐོན་བྱུང་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཁི་པ་གཉིས་ནི་སེམས་གཏིང་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་ལས་དབང་གཅིག་མཐུན་ཡིན་པའི་བློ་མཐུན་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཡུན་རིང་གི་དཀའ་སྡུག་ཁྲོད་ནས་འབད་བརྩོན་ལྷོད་མེད་བྱས་ཏེ་བརྩེ་སེམས་ཟབ་མོ་ཆགས་པར་བྱས་ནས། ཀྲུང་གོ་དང་ཁི་པ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་སྟོབས་ལྡན་གྱི་ནུས་ཤུགས་འདོན་སྤྲོད་བྱས་ཡོད། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་གཞི་ནས་རྙོག་འཛིང་གི་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད་ལ། ཀྲུང་གོ་དང་ཁི་པ་རྒྱལ་ཁབ་གཉིས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་བསྐྱོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁི་པ་ཕྱོགས་དང་ལག་གདང་མཉམ་འབྲེལ་བྱེད་འདོད་ཡོད་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་ཀྲུང་གོ་དང་ཁི་པའི་འབྲེལ་བར་མཐོང་ཆེན་ཚད་མཐོན་བྱེད་བཞིན་ཡོད་པ་དང་ཧྲུའུ་ཅིན་དང་པོ་ལའོ་ཨར་ཁ་སི་ཐི་ལའོ་དང་མཐུན་སྦྱོར་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མུ་མཐུད་དུ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། ཀྲུའུ་ཞི་ཏི་ཡ་སི་ཁ་ནི་ཨར་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་འབྲེལ་བ་སྔར་ལས་རྒྱ་བསྐྱེད་དེ། དུས་རབས་གསར་བ་དང་མཐུན་པའི་ཀྲུང་གོ་དང་ཁི་པའི་བར་གྱི་འོད་སྟོང་འབར་བའི་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།     

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཀྱང་ཀྲུའུ་ཞི་ཏི་ཡ་སི་ཁ་ནི་ཨར་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོས་ཁི་པ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ནང་རྐྱེན་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཁི་པའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།