ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དབུ་བཞུགས་བློན་ཆེན་གྱིས་ད་ལོའི་ལོ་འགོར་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ང་ཚོས་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་བཟང་བོ་ཞིག་ཏུ་མཐོར་འདེགས་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་དངོས་གཉེར་རང་བཞིན། འཛམ་གླིང་རང་བཞིན། བཟོད་སྒོམ་རང་བཞིན་བཅས་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་ཁྲིད་སྟོན་བྱེད་པར་གཅིག་གྱུར་སྒོས་འཐད་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཆེ་ཕྱོགས་ཀྱི་སྲིད་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་འོག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་བཟང་བོ་ཞིག་སྐྲུན་པར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་འདོད་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དྲང་ཕྱོགས་ཀྱི་ནུས་ཚད་སྔར་ལས་མང་པོ་འཇོག་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་བར་བརྩི་འཇོག་དང་འདྲ་མཉམ་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཐི་ལོས་ཧྲ་མེས་ཀྱིས་བཤད་རྒྱུར། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་དེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་བཟང་བོ་སྐྲུན་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ད་རུང་སི་རི་ཡའི་གནས་བབ་དང་རྒྱལ་སྤྱིའི་ཉོ་ཚོང་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།