ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཐུར་ཁེ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ཕྱོགས་གཉིས་ཀྱིས་སྦས་ཤུགས་སྔོག་འདོན་བྱས་ནས། ཀྲུང་གོ་དང་ཐུར་ཁེ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་དགོས། ཕྱོགས་གཉིས་ཀྱི་གནད་དོན་གཙོ་བོའི་ཐད་ལ་ཕན་ཚུན་བར་ལྟ་རྟོག་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཐུར་ཁེ་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལ་ཐུན་མོང་མ་ཡིན་པའི་ཤུགས་རྐྱེན་དང་ནུས་པ་ལྡན། ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་འོག་གི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ནས། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་བཟང་བོ་འཇོག་དགོས་ཟེར།

ཨེ་ཨར་ཏོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ་བཅས་ལ་ཆེས་མཐོའི་གདེང་འཇོག་བྱས་པར་མ་ཟད། ཀྲུང་གོ་དར་རྒྱས་གོང་འཕེལ་དུ་འགྲོ་བ་ནི་འཛམ་གླིང་བརྟན་འཇགས་ཡོང་བའི་རྨང་གཞི་ཡིན་པར་སྙམ། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་དེའི་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཏུང་ཐུའུ་སོགས་འཇིགས་སྐུལ་རིང་ལུགས་ལ་བློ་བརྟན་འགྱུར་མེད་སྒོས་ངོ་རྒོལ་བྱས་ནས། ངན་ཤུགས་དེ་དག་གིས་ཐུར་ཁེ་དང་ཀྲུང་གོ་དང་བཅས་པའི་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་གཏོར་བརླག་བྱེད་པར་ཁས་ལེན་གཏན་ནས་བྱེད་མི་སྲིད་ཟེར།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་རུང་མིག་སྔའི་སི་རི་ཡའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་སི་རི་ཡའི་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་མཛད་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་ལ་བརྩི་སྲུང་བྱས་ནས། རྒྱལ་ཁབ་སོ་སོའི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་འཇོག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཨེ་ཨར་ཏོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཆབ་སྲིད་ཀྱི་སྒོ་ནས་སི་རི་ཡའི་གནད་དོན་ཐད་གཅོད་བྱེད་པའི་ཐད་ཀྱི་ཤུགས་རྐྱེན་གཙོ་བོར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་ཡོད་གནད་དོན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།