ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་འགོ་རྩོམ་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་འགོ་རྩོམ་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། མཐོ་རིམ་གྲོས་ཚོགས་བསྡུས་པར་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་དང་གྲོས་ཚོགས་སུ་ཞུགས་པའི་ལས་རིགས་ཁག་གི་མི་སྣར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ད་ལྟ་འཛམ་གླིང་དུ་ཆ་འཕྲིན་ལག་རྩལ་གསར་གཏོད་ལ་ཉིན་རེ་བཞིན་རྣམ་པ་གསར་བ་བྱུང་བ་དང་། གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་ཉིན་རེ་བཞིན་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་བ་བཅས་ཐད་ལ་ཉིན་རེ་བཞིན་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་གསར་གཏོད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་བརྗིད་ཉམས་དམིགས་འབེན་གཏན་ལ་ཕབ་པར་མ་ཟད། དྲ་རྒྱའི་སྟོབས་ལྡན་ཀྲུང་གོ་དང་གྲངས་འཛིན་ཀྲུང་གོའི་རིག་གནས་སྤྱི་ཚོགས་བཅས་འཛུགས་སྐྲུན་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས། གྲངས་འཛིན་ཀྲུང་གོ་མྱུར་དུ་འཛུགས་སྐྲུན་བྱེད་པ་དེས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་བ་དང་བསྟུན་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆ་འཕྲིན་ཅན་དུ་བསྒྱུར་བ་དང་བརྟེན་ནས་སྒུལ་ཤུགས་གསར་བ་སྐྱེད་སྲིང་བྱེད་པ། སྒུལ་ཤུགས་གསར་བར་བརྟེན་ནས་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་གསར་བར་བརྟེན་ནས་ལོ་རྒྱུས་གསར་བ་སྐྲུན་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་ཆ་འཕྲིན་ཅན་ལ་བརྟེན་ནས་དེང་རབས་ཅན་འཕེལ་རྒྱས་སུ་གཏོང་བ་དང་། གྲངས་འཛིན་ཀྲུང་གོ་མྱུར་དུ་འཛུགས་སྐྲུན་བྱེད་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། རང་རྒྱལ་གྱི་གློག་རྡུལ་སྲིད་དོན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེས་གསར་བའི་གྲུབ་འབྲས་ངོམ་པར་བྱེད་པ་དང་། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མྱོང་ཚོར་དང་ལྟ་ཚུལ་བརྗེ་རེས་བྱེད་པ། ཐུན་མོང་གི་ལྟ་བ་སྔར་ལས་གཅིག་ཏུ་བསྡུས་ནས། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལ་སྐུལ་སློང་བྱས་ཏེ། ཆ་འཕྲིན་ཅན་གྱིས་སྤྱི་ཚོགས་དང་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།