ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་ཚོང་དཔལ་འབྱོར་ཁྲིམས་རིག་པའི་སློབ་གླིང་གི་གཅིག་ལྔ་ཐིག་གཉིས་འཛིན་གྲྭའི་གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ཀྱིས་མི་ཚེ་གང་བོར་ཏང་གི་རྗེས་འབྲངས་པའི་ཕུགས་འདུན་དང་རེ་སྙེག་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལྔ་བཞིའི་ན་གཞོན་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་བྱེད་མི་སྣར་མངག་བཅོལ་བྱས་ཏེ། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་ཚོང་དཔལ་འབྱོར་ཁྲིམས་རིག་པའི་སློབ་གླིང་གི་གཅིག་ལྔ་ཐིག་གཉིས་འཛིན་གྲྭའི་གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། སློབ་མ་རྣམས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་མི་ཚེ་གང་བོར་ཏང་གི་རྗེས་འབྲངས་པའི་ཕུགས་འདུན་དང་རེ་སྙེག་ལག་བསྟར་བྱེད་པའི་ཆོད་སེམས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཀུན་སྤྱོད་ལེགས་སྒྱུར་བྱེད་པ། དུས་སྐབས་བཟང་བོར་གཅེས་སྤྲས་བྱེད་པ། དཀའ་སྤྱད་སྒོས་སློབ་སྦྱོང་བྱས་ཏེ། ཧུར་ཐག་སྒོས་ཕུགས་འདུན་ཡོད་པ་དང་ནུས་པ་ལྡན་པ། ཁག་ཁུར་ཕོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་བྱེད་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་པའི་སྐུལ་མ་བཏང་།

ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བའི་ཚེས་གསུམ་ཉིན། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་མཛད་སྐབས། གཅིག་ལྔ་ཐིག་གཉིས་འཛིན་གྲྭའི་གུང་གཞོན་ཚོགས་པའི་ཏང་ཀྲི་པུའུ་ཡིས་ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་འབྲངས་པ་བརྗོད་དོན་གཙོ་བོ་ཡིན་པའི་བྱ་འགུལ་ལ་ཞུགས་ཏེ། གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་འཚར་ལོངས་འབྱུང་བ་དང་ཤེས་ལྡན་མི་སྣར་འགྱུར་བའི་ཐད་ལ་རེ་བ་ཆེན་པོ་བཏོན།

ཉེ་ལམ། གཅིག་ལྔ་ཐིག་གཉིས་འཛིན་གྲྭའི་གུང་གཞོན་ཚོགས་པའི་ཏང་ཀྲི་པུའུ་ཡི་སློབ་མ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར། འཕྲིན་ཡིག་ནང་གསུངས་རྒྱུར། ལོ་གཅིག་གི་ནང་དུ་སློབ་མ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ཡིད་ལ་དམ་པོར་བཅངས་ཏེ། རང་རྟོགས་སྒོས་བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་འབྲངས་པའི་དམ་ཚིག་ལག་བསྟར་བྱས། ཚང་མས་ཧུར་ཐག་སྒོས་ཏང་རྩ་འཛུགས་དང་དམ་དུ་སྦྲེལ་ཏེ། སློབ་མ་ཁ་ཤས་ཏང་ནང་དུ་དངོས་སུ་ཞུགས་པ་དང་སློབ་མ་ཁ་ཤས་གྲ་སྒྲིག་ཏང་ཡོན་དང་ཏང་ནང་དུ་ཞུགས་པའི་ཧུར་བརྩོན་ཅན་དུ་གྱུར། ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་འབྲངས་པ་དང་ན་གཞོན་རྣམས་ཀྱིས་དོན་ཆེན་སྒྲུབ་པའི་ཆོད་སེམས་བརྟན་པོ་བཅངས་དགོས་ཞེས་པའི་གྲོས་འགོ་བཏོན་པར་སྲིད་ཁྲིམས་སློབ་ཆེན་གྱི་སློབ་མ་སྟོང་ཕྲག་འགའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐོབ། ཚང་མ་ཧུར་ཐག་སྒོས་བཅའ་ཁྲིམས་ཁྱབ་གདལ་དང་སློབ་གསོ་རོགས་སྐྱོར་སོགས་དང་བླངས་ཞབས་ཕྱིའི་བྱ་འགུལ་ཁྲོད་དུ་ཞུགས་ཏེ། ལེང་ཅ་ཧི་དང་ལན་ཁའོ་རྫོང་དུ་སོང་ནས་ལྟ་སྐོར་དང་སློབ་སྦྱོང་བྱས། བསམ་གཞིགས་བཏང་བ་དང་ལག་ལེན་བྱས་པ་བརྒྱུད། སློབ་མ་རྣམས་ཀྱི་ནམ་ཡང་ཏང་གི་རྗེས་འབྲངས་ཏེ་རྒྱལ་ཁབ་ལ་བྱས་རྗེས་འཇོག་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གྱུར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།