སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་བཞིས་ཡིག་ཆ་བཏོན་ནས་སྒྲིག་འགལ་ངང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བེད་སྤྱོད་བཅོས་སྒྲིག་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་འཇལ་སྤྲོད་གསོག་འཇོག་བྱེད་མཁན་ལས་བཟོའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་ཆེད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། མི་དམངས་དངུལ་ཁང་། སྤྱི་བདེ་པུའུ་སོགས་སྡེ་ཚན་བཞིས་《སྒྲིག་འགལ་ངང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བྱེད་སྤྱོད་བཅོས་སྒྲིག་གི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ཁོངས་གཏོགས་ཀྱིས་མ་དངུལ་གྱི་ཉེན་ཁ་སྔོན་འགོག་དང་། སྤྱོད་ཚད་ཆེ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་མོད། འོན་ཀྱང་སྒྲིག་གཞི་དང་མི་སྒེར་ཁ་ཤས་ཀྱིས་བདེན་དཔང་དཔྱད་ཡིག་རྫུན་བཟོ་དང་སྡོད་ཁང་འཛད་སྤྱོད་ཀྱི་བྱ་སྤྱོད་རྟོགས་བཟོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྒྲིག་འགལ་ངང་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་པ་དང་། ཐ་ན་སྡོད་ཁང་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པའི“ཁྲིམས་འགལ་གྱི་ཐོན་ལས་འཁོར་འབྲེལ”ཆགས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་གྱི་སྒྲིག་ལམ་ཟང་ཟིང་བཟོས་པ་དང་སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་རོགས་རེས་རང་བཞིན་དང་འགན་ལེན་རང་བཞིན་ཆུང་དུ་བཏང་ཡོད་པ་རེད།

གནས་ཚུལ་དེ་རིགས་ལ་དམིགས་ཏེ་《བརྡ་ཐོའི་》ནང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་སྲིད་ཇུས་ཚད་ལྡན་དང་ལེགས་སུ་གཏོང་དགོས་ཤིང་། སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་ཁང་གླ་སྤྲོད་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ལེན་ཆོག་པའི་དངུལ་གྲངས་ས་གནས་དེ་གའི་ཁང་གླའི་མཐོ་དམན་གཞིར་བཟུང་ལུགས་མཐུན་ངང་གཏན་འཁེལ་དང་དུས་ཐོག་ཏུ་ལེགས་སྒྲིག་བྱ་རྒྱུ། སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་འཇལ་སྤྲོད་གསོག་འཇོག་བྱ་ཡུལ་ལམ་ཡང་ན་ཐེམ་ཁུངས་གནས་ཡུལ་ནས་སྡོད་ཁང་དཀྱུས་མ་དང་པོ་ཉོ་བ་དང་སྒྱུར་བཀོད་སྡོད་ཁང་གཉིས་པ་ཉོ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ། སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་ཁང་ཚོང་རྒྱག་པ་དང་གླགས་འཚོང་བྱེད་རྒྱུ་གཏན་འགོག་བྱ་རྒྱུ། སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་གསོག་འཇོག་བྱས་པའི་ལས་བཟོ་དང་ཚན་པའི་དབར་ངལ་རྩོལ་གྱི་འབྲེལ་བ་མཚམས་འཇོག་བྱས་ཚེ། སྔོན་ལ་མི་སྒེར་གྱི་རྩིས་ཁྲའི་ལས་སྒོ་ཡོངས་བཀག་དགོས། རྩིས་ཁྲའི་ལས་སྒོ་བཀག་རིང་ཡུལ་གཞན་དུ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲ་གཞན་དག་བཟོ་བ་དང་འབྲེལ་བར་མཚམས་མི་ཆད་པར་ལོ་ཕྱེད་ཡན་འཇལ་སྤྲོད་གསོག་འཇོག་བྱས་ཚེ། ཡུལ་གཞན་དུ་སྤོ་སྒྱུར་སྦྲེལ་མཐུད་ཀྱི་འགྲོ་ལུགས་གཉེར་དགོས། ཡུལ་གཞན་དུ་མུ་མཐུད་འཇལ་སྤྲོད་གསོག་འཇོག་བྱས་མེད་པའི་རིགས་རྩིས་ཁྲའི་ལས་སྒོ་བཀག་ནས་ལོ་ཕྱེད་སོང་རྗེས་གཞི་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཆོག་ཅེས་བཏོན་ཡོད། 《བརྡ་ཐོའི་》ནང་ས་གནས་ཁག་གིས་གོང་གི་བླང་བྱ་གཞིར་བཟུང2018ལོའི་ཟླ་བ་དྲུག་པའི་ཟླ་མཇུག་གོང་ས་གནས་དེ་གའི་སྲིད་ཇུས་ཚད་ལྡན་དང་ལེགས་སྒྲིག་ལས་དོན་ལེགས་སྒྲུབ་བྱེད་དགོས་ཞེས་བཏོན་ཡོད།

སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་ཞིབ་བཤེར་གྱི་འགྲོ་ལུགས་ལེགས་སུ་གཏོང་ཆེད། 《བརྡ་ཐོའི་》ནང་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་གསོག་འཇོག་བྱེད་མཁན་ལས་བཟོས་འཇལ་སྤྲོད་གསོག་འཇོག་བྱ་ཡུལ་དུ་རང་སྡོད་སའི་ཁང་པ་བོགས་མར་ལེན་པའམ་ཡང་ན་ཉོ་སྒྲུབ་བྱས་པ་དང་། རང་སྡོད་སའི་ཁང་པའི་དངུལ་བུན་མ་སྐྱེད་འཇལ་བ། རྒན་ཡོལ་ཞུ་བ་སོགས་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་འདུན་ཞུ་སྐབས་ཞིབ་བཤེར་འགྲོ་ལུགས་སྔར་བས་སྟབས་བདེ་རུ་གཏོང་བ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་ལས་སྒོ་དྲ་ཐོག་ནས་བློ་འདྲི་བྱེད་ཆོག་པའི་ལས་དོན་ཧུར་ཐག་སྒྲུབ་པ། དྲ་ཐོག་ཏུ་ཞིབ་བཤེར་དང་ལས་སྒོ་གཉེར་རྒྱུ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཞིབ་བཤེར་དུས་ཚད་ཐུང་དུ་གཏོང་བ་བཅས་བྱེད་དགོས། འཇལ་སྤྲོད་གསོག་འཇོག་བྱེད་མཁན་ལས་བཟོའི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་རེ་འདུན་ཞུ་ཡིག་ཆ་ཚང་པོ་ཡོད་པ་དང་ཞིབ་བཤེར་བྱས་ནས་ནོར་འཁྲུལ་མེད་པ་གཏན་འཁེལ་བྱུང་ཚེ་འཕྲལ་དུ་སྒྲུབ་དགོས། རེ་འདུན་ཞུ་ཡིག་ལ་སྔར་བས་ཞིབ་བཤེར་བྱེད་དགོས་པའི་རིགས་བདག་སྤྲོད་བྱས་པའི་ཉིན་དེ་ནས་བརྩིས་པའི་ཉིན་3ནང་ཚུན་དུ་སྒྲུབ་ཚར་བ་བྱེད་དགོས། མི་གཅིག་གིས་གཉེན་སྒྲིག་འབྲེལ་བ་ཐེངས་མང་བསྒྱུར་ནས་ཁང་པ་ཉོས་པ་དང་། མི་མང་པོས་ཁང་པ་གཅིག་ཉོ་ཚོང་ཐེངས་མང་བྱས་པ། ཡུལ་གཞན་དུ་ཁང་པ་ཉོས་པ། ལྷག་པར་དུ་ཐེམ་ཁུངས་གནས་ཡུལ་མིན་པ་དང་འཇལ་སྤྲོད་གསོག་འཇོག་བྱ་ཡུལ་མིན་པའི་ཡུལ་དུ་ཁང་པ་ཉོས་པ། བཟའ་ཟླ་མིན་པའམ་ཡང་ན་ཐད་ཀའི་གཉེན་ཚན་མིན་པའི་གཉེན་ཉེ་དང་མཉམ་དུ་ཁང་པ་ཉོས་པ་སོགས་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་འདུན་ཞུས་རིགས་སྡོད་ཁང་འཛད་སྤྱོད་བྱ་སྤྱོད་དང་བདེན་དཔང་དཔྱད་ཡིག་ངོ་མ་ཡིན་མིན་ཞིབ་བཤེར་ནན་པོ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

ཡིད་རྟོན་ཤོར་བའི་རིགས་ལ་མཉམ་དུ་ཆད་པ་གཅོད་ཆེད། 《བརྡ་ཐོའི་》ནང་སྒྲིག་འགལ་ངང་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་པའི་འཇལ་སྤྲོད་གསོག་འཇོག་བྱེད་མཁན་ལས་བཟོར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་མི་དེའི་ཡིད་རྟོན་ཤོར་བའི་ཟིན་ཐོ་འགོད་རྒྱུ་དང་ཆབས་ཅིག་མི་སྒེར་གྱི་རྩིས་ཁྲ་དང་མཉམ་དུ་སྤོ་སྒྱུར་བྱ་རྒྱུ། དངུལ་སྨར་བླངས་པའི་རིགས་ལ་དུས་བཀག་ནང་དངུལ་གྲངས་ཚང་ངང་ཕྱིར་སློག་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་དུས་བཀག་ངེས་ཅན་ཞིག་ནང་མི་དེའི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཡར་བའི་ལས་སྒོར་ཚོད་འཛིན་བྱ་རྒྱུ། དུས་ཚད་ཡོལ་ཡང་དངུལ་གྲངས་ཚང་ངང་ཕྱིར་སློག་མ་བྱས་ཚེ། ཡིད་རྟོན་ཤོར་བའི་བྱེད་སྤྱོད་ཚབས་ཆེན་ལ་བརྩིས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འབྲེལ་ཡོད་དོ་དམ་སྡེ་ཚན་ལ་ཡིད་རྟོན་ཤོར་བའི་ཆ་འཕྲིན་ཞུ་འབུལ་བྱས་ཏེ་མཉམ་དུ་ཆད་པ་གཅོད་རྒྱུ། ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱི་འཇལ་སྤྲོད་གསོག་འཇོག་བྱེད་མཁན་ལས་བཟོར་སྒྲིག་འགལ་ངང་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་པའི་གནས་ཚུལ་ཚབས་ཆེན་ཡོད་ཚེ། མི་དེ་ཡོད་སའི་ཚན་པར་བརྡ་ཁྱབ་གཏོང་རྒྱུ་བཅས་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།