ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁུ་པ་མཁའ་འགྲུལ་ཀུང་ཟིས་མོ་ཞི་ཁོ་ནས་གླས་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཧ་བ་ན་ནས་ཆག་སྒོ་བྱུང་བའི་ཐད་ནས་ཁུ་པ་དང་མོ་ཞི་ཁོའི་འགོ་ཁྲིད་པར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་མཁའ་འགྲུལ་ཀུང་ཟིས་མོ་ཞི་ཁོ་ནས་གླས་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཧ་བ་ན་ནས་ཆག་སྒོ་བྱུང་བའི་ཐད་ནས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐི་ལོ་དང་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏེ་ཡ་སི་ཁ་ནེ་ཨར། མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་བཅས་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་ཁུ་པའི་འགོ་ཁྲིད་པར་འཚམས་འདྲིའི་གློག་འཕྲིན་བཏང་བའི་གསུངས་རྒྱུར། ཁུ་པ་རྒྱལ་ཁབ་ཏུ་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་ཚབས་ཆེན་བྱུང་ནས་མི་སྣ་ཤི་རྨས་བྱུང་། བདག་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱི་ཚབ་བྱས་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་། ཁུ་པ་གུང་ཁྲན་ཏང་དང་ཁུ་པ་སྲིད་གཞུང་། ཁུ་པའི་མི་དམངས། དེ་མིན་འདས་པའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན་ཟེར། ཞི་ཅིན་ཕིང་གིས་ཕེ་ཉི་ཡ་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ་ཁུ་པའི་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་བའི་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མོ་ཞི་ཁོའི་གནམ་གྲུའི་ནང་གི་ལས་བྱེད་མི་སྣར་མྱ་ངན་ཞུ་བ་དང་ཁོ་ཚོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གནམ་གྲུར་ཆག་སྒོ་བྱུང་བའི་ཐད་ནས་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏེ་ཡ་སི་ཁ་ནེ་ཨར་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།