ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་མཚོ་སྔོན་ལ་ཆེད་དོན་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དགུ་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་ཚན་ཆུང་ཁྲིད་དེ་མཚོ་སྔོན་ལ་ཡོང་ནས། གསར་གཏོད་ཚུལ་གྱི་དབུལ་སྐྱོར་དང་ཕྱོགས་བསྡུས་རང་བཞིན་གྱི་འགན་སྲུང་དབུལ་སྐྱོར་གཉིས་ལ་གཙིགས་འཛིན་བྱས་ནས། དབུལ་ཐར་གྱི་བྱེད་ཐབས་གསར་བ་དང་ཉམས་མྱོང་གསར་བ་འཚོལ་ཞིབ་བྱེད་པའི་ཐད་ལ་ཆེད་དོན་རྟོག་ཞིབ་བྱས།

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། ཀྲིན་ཅན་པང་སོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་གྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཐད་ནས་ཆེད་དོན་ཡར་ཞུ་བྱས། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་གྲོས་ཚོགས་སྟེང་གཏམ་བཤད།

ཀྲིན་ཅན་པང་གིས་བཤད་རྒྱུར། ཐེངས་འདིའི་རྟོག་ཞིབ་བྱ་བར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། འབྲེལ་ཡོད་ཕྱོགས་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་གྲུབ་འབྲས་བཟང་བོ་བླངས། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། དེར་དཔེ་འོས་ནུས་པ་དང་དཔེ་སྟོན་ནུས་པ་ངེས་ཅན་ལྡན་པས། རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་འཁེལ་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། བྱ་བའི་སྤྱོད་ཚུལ་སྔར་ལས་ལེགས་བཅོས་བྱེད་པ་དང་། བྱ་བའི་གྲུབ་འབྲས་ཇེ་ཆེར་བཏང་སྟེ། དབུལ་སྐྱོར་ལས་འགན་ཡོངས་འགྲུབ་བྱེད་དགོས་པར་མ་ཟད། དབུལ་ཐར་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཀྲིན་ཅན་པང་སོགས་ཀྱིས་ཚན་ཆུང་གསུམ་བགོས་ཏེ་ཟི་ལིང་དང་ཏ་ཐུན། ཧུའུ་ཀྲུའུ། ཧེ་ཡན། རྐང་ཚ། རྩེ་ཁོག ཧི་ནན་བཅས་ས་ཁུལ་དུ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས།

ཚེས་བཅུ་དགུ་ཉིན། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བཞུགས་མོལ་བྱས་པ་དང་། ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲིན་ཅན་པང་གིས་རྒྱལ་ཡོངས་སྲིད་གྲོས་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཨུ་ཡོན་གྱི་གཙོ་གཞི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དམིགས་ནས་གཏམ་བཤད། རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་རེ་བ་བཏོན།

མཚོ་སྔོན་གྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་དམིགས་ནས། ཀྲིན་ཅན་པང་གིས་བསམ་འཆར་དང་གྲོས་གཞི་ལེགས་སྒྲིག་བྱས་རྗེས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་སྲིད་གྲོས་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་སྟེང་གྲོས་གཞི་འདོན་པ་དང་། དབུལ་ནག་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་ཐད་ལ་བློ་འདོན་ཇུས་འབུལ་བྱེད་རྒྱུའི་ཚུལ་བསྟན།

མཚོ་སྔོན་གྱི་འབྲེལ་ཡོད་འགོ་ཁྲིད་སོ་སོར་བཞུགས་མོལ་དང་འབྲེལ་ཡོད་རྟོག་ཞིབ་བྱ་འགུལ་ཁྲོད་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།