ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས“བསྐྱར་བོགས་དངུལ་བུན”ཁྲོད་གཡོ་སྒྱུའི་བྱེད་སྤྱོད་ལྡན་པས་རྒྱ་ཆེའི་སློབ་མ་ཚོས་ཡིད་གཟབ་བྱེད་དགོས་པའི་སྔོན་བརྡ་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6ཚེས25ཉིན་རྒྱལ་ཡོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས“‘བསྐྱར་བོགས་དངུལ་བུན’ཁྲོད་གཡོ་སྒྱུའི་བྱེད་སྤྱོད་ལྡན་པས་རྒྱ་ཆེའི་སློབ་མ་ཚོས་ཡིད་གཟབ་བྱེད་དགོས་པའི”2018ལོའི་སྔོན་བརྡ་ཨང་གསུམ་པ་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ལུགས་ཀྱི་ལྟ་སྐུལ་དོ་དམ་ལ་གཡོལ་ཆེད་དྲ་ཐོག་གི་དངུལ་བུན་གཡར་བའི་ལས་སྟེགས་འགའ་ཞིག་གིས“དངུལ་སྨར་དངུལ་བུན”གྱི་ལས་སྒོ་དེ“བསྐྱར་བོགས་དངུལ་བུན”དུ་བསྒྱུར་བ་དང་། དེ་ནི་མིང་ཐོག་ཏུ་གཡར་བ་ཞིག་ཡིན་རུང་དོན་དངོས་ཐོག་དངུལ་བུན་བཏང་བ་ཞིག་ཡིན་པ་མ་ཟད། ད་དུང་དངུལ་བུན་གཏོང་ཡུལ་དེ་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བར་ཁ་ཕྱོགས་པས་སློབ་མའི་ཁེ་དབང་ལ་འཇིགས་སྐུལ་ཚབས་ཆེན་ཕོག་ནས་སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱལ་ཡོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ལག་ཐོགས་ཁ་པར་གྱི“བསྐྱར་བོགས་དངུལ་བུན”ཞེས་པའི་འཁོར་སྐྱོད་རྣམ་པ་གཙོ་བོ་ནི་སྤྱོད་མཁན(སློབ་མ)གྱིས་རང་ཉིད་ཀྱི་ལག་ཐོགས་ཁ་པར་ལས་སྟེགས་ལ་བཙོངས་ཀྱང་ལག་ཐོགས་ཁ་པར་དེའི་བདག་དབང་དང་སྤྱོད་དབང་ལ་དོན་དངོས་ཐོག་འགྱུར་ལྡོག་བྱུང་མེད་པ་དང་། ལས་སྟེགས་ཀྱིས་ལག་ཐོགས་ཁ་པར་གྱི་རིན་གོང་དཔྱད་དཔོག་བྱེད་རིང་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དང་། དངུལ་ཁང་གཱའི་ཆ་འཕྲིན། འཕྲལ་མྱུར་འབྲེལ་གཏུག་མི་སྣ་སོགས་དངུལ་བུན་གཡར་བའི་གྲངས་གཞི་མཁོ་འདོན་བྱེད་དགོས་པ། ལས་སྟེགས་ཀྱིས་དངུལ་སྤྲོད་སྐབས་སློབ་མར་དངོས་སུ་སྤྲོད་དགོས་པའི་དངུལ་བུན་ཁྲོད་ནས“ཞབས་ཞུའི་དངུལ”དང“དཔྱད་དཔོག་དངུལ”འཐེན་པ། ལག་ཐོགས་ཁ་པར“བསྐྱར་བོགས”བྱས་པ་ལས་དོན་དངོས་ཐོག་ལག་ཐོགས་ཁ་པར་གྱི་བདག་དབང་འགྱུར་མེད་པས་ལས་སྟེགས་ཀྱིས་ལག་ཐོགས་ཁ་པར“བསྐྱར་བོགས”ཀྱི་བྱེད་ཐབས་བརྒྱུད་སློབ་མ་དང་བོགས་གཏོང་དུས་བཀག(དངུལ་བུན་གཡར་བའི་དུས་བཀག)དང་དུས་ཚོད་ཐིམས་ནས་ཚུར་ཉོའི་རིན་གོང(དངུལ་བུན་སྤྲོད་པའི་འབོར་གྲངས)ཁ་ཆད་བྱེད་པ་བཅས་རེད། དེའི་རིང་ལས་སྟེགས་ཀྱིས་སློབ་མར་ལག་ཐོགས་ཁ་པར་གྱི་རྩིས་ཐོའི་ཆ་འཕྲིན་མཁོ་འདོན་བྱ་རྒྱུའི་རེ་བ་བཏོན་ནས་རྒྱང་རིང་ནས་ཁ་པར་གྱི་གསོག་ཉར་ཆ་འཕྲིན་ཁོང་དུ་ཆུད་བདེ་ཡོང་བ་བྱེད་ཀྱི་ཡོད། ལས་སྟེགས་ཀྱིས་རྣམ་པ་དེ་རིགས་སྤྱད་དེ་སློབ་གྲྭ་ཆེ་མོ་བར་སྐྱེད་ཀ་མཐོ་བའི“དངུལ་སྨར་དངུལ་བུན”གཏོང་གི་ཡོད་པས་མཇུག་ཏུ་སློབ་མ“གཡོ་རྫུན་དངུལ་བུན”དང“སྐྱེད་མཐོའི་དངུལ་བུན”གྱི་གཡོ་སྒྱུའི་བྱེད་སྤྱོད་ལ་ཚུད་དེ་སློབ་མ་ཁག་གཅིག་ལ་མགོ་སྐོར་ཐེབས་ཡོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།