ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་སྐོར་གྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་སྐོར་གྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པ་ཚེས་དགུ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་སྐོར་གྱི་དགོངས་པ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རིམ་སྔོན་མའི་སྒྲིག་གཞི་བཅོས་སྒྱུར་བྱ་བར་སྤྱི་སྡོམ་བྱས་པར་མ་ཟད། མ་འོངས་པའི་འོས་འགན་ལ་ཞིབ་འཇུག་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། དུས་རིམ་དང་པོའི་བརྗེ་སྤོར་སྒྲིག་འཛུགས་དང་དུས་རིམ་གཉིས་པས་གཏན་འབེབས་བཟོས་པའི་གཏན་འཁེལ་གསུམ་གྱི་འོས་འགན་ཡོངས་འགྲུབ་བྱས་ཏེ། སྒྲིག་འཛུགས་གསར་རྙིང་གཉིས་སྦྲེལ་མཐུད་བརྟན་འཇགས་དོ་མཉམ་ཡོང་བར་བྱས་ནས། ལས་བྱེད་པ་དང་ལས་བཟོ་བའི་བསམ་བློ་བརྟན་འཇགས་དང་བསམ་པའི་རྣམ་པ་ཇེ་ལེགས་སུ་སོང་མཐར། སྒྲིག་གཞི་བཅོས་སྒྱུར་དང་ཉིན་རྒྱུན་བྱ་བ་ཕན་ཚུན་གསབ་རེས་སྐུལ་འདེད་གཏོང་བའི་རྣམ་པ་མངོན་དུ་གྱུར། མ་འོངས་པར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་ནས། ལས་དོན་གཉེར་བ་ཞིབ་ཕྲ་དང་བདེན་དངོས་ཀྱི་ཕྱོགས་སུ་བསྒྱུར་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བའི་ལས་རིམ་ཁག་སོ་སོའི་འོས་འགན་ཡོངས་འགྲུབ་ལེགས་པོ་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གཏན་འབེབས་གསུམ་གྱི་ཞིབ་ཕྲའི་ལས་དོན་དམ་པོར་འཛིན་པ་དང་གཏན་འབེབས་གསུམ་གྱི་ལག་བསྟར་བྱ་བ་མགྱོགས་མྱུར་ངང་བསྒྲུབ་ནས། དུས་བཅད་དང་དུས་རིམ་ལྟར་འོས་འགན་དང་སྒྲིག་གཞི། མི་སྣ་བཅས་དངོས་འབེབས་དོན་གནས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས། སྒྲིག་གཞི་བཅོས་སྒྱུར་གྱི་འོས་འགན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་ཚུལ་བཞིན་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། སྲིད་གཞུང་གི་ཕན་ནུས་མཐོར་འདེགས་གཏོང་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་ནས། ཚད་ཆེས་མཐོ་ཤོས་ནས་སྲིད་གཞུང་གིས་ཁྲོམ་རའི་གསོན་ཤུགས་ལ་ཐད་ཀར་ཐེ་གཏོགས་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས། མངགས་གཏོང་སྒྲིག་གཞི་དང་ལེགས་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། མི་དོན་ལས་ཁུངས་ཀྱི་དབྱེ་སྒྱུར་ལས་དོན་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས། རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་གྱི་གཞུང་བསྡུ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱ་བ་རྨང་རྐང་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ནས། ཕན་འབྲས་མཐོ་ལ་གཅིག་བསྡུས་ཆེ་བའི་ཁྲལ་བསྡུ་དོ་དམ་མ་ལག་འཐུས་སྒོ་ཚང་བ་ཞིག་འཛུགས་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།