རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ལག་བསྟར་གནས་ཚུལ་ལ་གྲོས་ཞིབ་བྱས་པར་མ་ཟད་ཆེད་དམིགས་འདྲི་རྩད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་ལ་གྲོས་ཞིབ་བྱས་པར་སྦྲེལ་ནས་ཆེད་དམིགས་འདྲི་རྩད་བྱས། འདི་ནི་རྒྱལ་ཡོངས་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཆེད་དམིགས་འདྲི་རྩད་ཐེངས་དང་པོ་རེད། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཆེད་དམིགས་འདྲི་རྩད་ཁྲོད་དུ། རྒཡལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཐབས་གང་དག་སྤྱད་དེ་མཁའ་དབུགས་བཙོག་བཟོ་ལ་ཁྲིམས་ལྟར་འགོག་བཅོས་བྱས་ནས། ཨ་སྔོན་སྲུང་སྐྱོབ་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་རྒྱུ་ཡིན་པ་དང་། ཁྲའེ་སྣུམ་དངོས་སྐྱེལ་རླངས་འཁོར་གྱི་བཙོག་བཟོ་བཅོས་སྐྱོང་བྱེད་ཚད་ཇི་ལྟར་མཐོར་འདེགསབྱེད་པ་དང་། སྣུམ་གྱི་སྤུས་ཚད་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཤུགས་ཇེ་ཆེར་བཏང་ནས། བཅའ་ཁྲིམས་ཀྱི་དོན་ཚན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་རྒྱུ་ཡིན་པ། ཐོན་ལས་སྒྲིག་གཞི་དང་གྲུབ་ཚུལ་མྱུར་དུ་ལེགས་སྒྲིག་བྱེད་པ་དང་། རྗེས་ནུས་ཀྱི་ཐོན་ནུས་འདོར་བ། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་བཅས་ཀྱི་ཁྲོད་དུ་མཁའ་དབུགས་བཙོག་བཟོ་འགོག་བཅོས་ཀྱི་བྱེད་ཐབས་ཞིབ་མོ་གང་དག་ཡོད་པ་སོགས་ཀྱི་དྲི་བ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་ཝང་ཡུང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་ཁྲིམས་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་དྲི་བ་རེ་རེར་ལན་བཏབ།

ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་སྐབས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དངོས་འབེབས་བྱེད་པ་དང་། མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཕྱོགས་ཡོངས་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ཀྱི་ཨ་སྔོན་སྐྱིད་སྣང་ཇེ་དྲག་ཏུ་གཏོང་བ་བཅས་ནི་ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་གྱི་ཉམས་མྱོང་དང་མྱོང་ཚོར་ཞིག་ཡིན་ལ། ཐེངས་འདིའི་བཅའ་ཁྲིམས་སྐོར་ཞིབ་ལ་སྦྲེལ་བའི་གཙོ་ཐིག་ཅིག་ཀྱང་ཡིན་པས། འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མཉམ་དུ་འབད་བརྩོན་དང་ཁག་ཁུར་བྱེད་ཕོད་པར་བྱས་ནས། མང་ཚོགས་ལ་གནམ་སྔོན་སྤྲིན་དཀར་དང་སྐར་འོད་ལམ་ལམ་གྱི་ཁོར་ཡུག་ཅུག་ཡོད་པར་བྱེད་དགོས། དུས་ཚོད་དམ་འཛིན་གྱིས་ཤུགས་ཚད་ཇེ་ཆེར་གཏོང་བ་དང་མྱུར་དུ་བཅོས་སྐྱོང་བྱེད་པ། བྲེལ་མྱུར་གྱིས་མཁྲེགས་གཏོར་བྱེད་པ་བཅས་བྱེད་དགོས། གནད་དོན་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་ནས་རྩ་ལག་མཉམ་བཅོས་བྱེད་པ་དང་རྩ་བ་བཅོས་སྐྱོང་བྱེད་པ་གཙོ་གནད་དུ་འཛིན་དགོས། ས་ཆ་སོ་སོའི་བཙོག་བཟོ་འགོག་བཅོས་ཀྱི་དོན་དངོས་དང་སྦྲེལ་ནས། རིགས་བགར་ཇུས་བསྟར་དང་གནད་འཁེལ་ཤུགས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།