ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས་སུམ་ཅུ་ཉིན་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་ནས། བབ་བསྟུན་མདུན་སྐྱོད་ཀྱིས་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱ་བ་བཟང་པོར་སྒྲུབ་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་དངོས་འབེབས་བྱས་ཏེ་ཞང་སྡེ་དར་སྤེལ་གྱི་བགྲོད་ལམ་བཟང་པོར་སྐྱོད་དགོས་ཟེར།

ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་ཉེ་བའི་ལོ་འགའི་རིང་གི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱ་བའི་སྒྲུབ་ཐབས་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཞིང་གསུམ་གནད་དོན་ནི་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བའི་གཞི་རྩ་རང་བཞི་གྱི་གནད་དོན་ཡིན་པ་དང་། ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན་ལ། སྲོག་ཤིང་ནི་མིའི་གནད་དོན་ཡིན་པ་དང་། མཐར་གཏུགས་ན་འཕེལ་རྒྱས་ཀྱི་གནད་དོན་ཡིན་པས། ངེས་པར་དུ་ཞིང་ལས་ཤེས་པ་དང་། ཞིང་སྡེར་དགའ་བ། ཞིང་པར་དགའ་བའི་ཞིང་གསུམ་བྱ་བའི་རུ་ཁག་ཅིག་སྐྱེད་སྲིང་བྱེད་དགོས། མཚོ་སྔོན་གྱི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་བསྟུད་མར་ལོ་བཅོ་ལྔར་སྤེལ་བ་དང་། ལག་ལེན་ལས་དེ་ནི་ཞིང་གསུམ་བྱ་བར་རམ་འདེགས་བྱེད་པའི་ཐབས་ཤེས་གལ་ཆེན་ཡིན་པ་དང་། ཏང་གི་ཞིང་དར་ཞིང་ཕན་སྲིད་ཇུས་དངོས་འབེབས་བྱེད་པའི་ནུས་ལྡན་ཐབས་ལམ་ཡིན་ལ། ཏང་དང་མང་ཚོགས་ཀྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་དམ་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། ལས་བྱེད་པ་སྐྱེད་སྲིང་སྦྱོར་བརྡར་བྱེད་པའི་གནས་གཞི་རྒྱ་ཆེན་པོ་ཡིན་པ་ར་སྤྲོད་བྱུང་ཡོད་པས། དུས་རབས་གསར་པར་སླེབས་དུས་དབུལ་སྐྱོར་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བ་དང་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ཟུང་སྦྲེལ་གྱིས་སྤྱི་སྡོམ་དང་མཐོར་འདེགས། རྒྱ་བསྐྱེད་བཅས་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་གི་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོར་དམིགས་ནས་ཞིང་གསུམ་བྱ་བ་ཏན་ཏིག་གིས་བཟང་པོར་སྒྲུབ་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་ནི་ཞིང་གསུམ་བྱ་བ་བཟང་པོར་སྒྲུབ་པའི་རྩ་བ་ཡིན་པས། རྩ་བ་བཟུང་ནས་ཡན་ལག་ངང་གིས་ཐོན་པར་བྱས་ན་ད་གཟོད་གྲུབ་འབྲས་ལེན་ཐུབ། སྲིད་ཇུས་ཀྱི་དགོངས་དོན་གསལ་པོར་ཤེས་པར་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། གཙོ་བོ་ཡིག་ཆ་དང་པོ་སུའི་ཆེད་དུ་ཡིན་པ་དང་སུ་ལ་བརྟེན་ཡོད་པ་གསལ་པོར་ཤེས་པར་བྱེད་པ་དང་། ཏང་དང་སྲིད་གཞུང་། གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ། རོང་འབྲོག་མང་ཚོགས་བཅས་ཀྱི་འགན་ཁུར་གསལ་བོར་བཤད་པ། དྲིལ་སྒྲོག་དང་ལག་ལེན་ཏན་ཏན་ཏིག་ཏིག་གིས་སྤེལ་བ་དང་། ཏང་གིས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཆེད་དུ་འབད་འཐབ་བྱེད་པའི་གཞུང་ལུགས་དང་ལག་ལེན་དེ་རང་རྟོགས་ཀྱི་འགུལ་སྐྱོད་ཅིག་ཏུ་བསྒྱུར་ནས། ཞིང་གསུམ་བྱ་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དྲིལ་སྒྲོག་བྱེད་པར་དམིགས་ནས་ཞང་སྡེ་དར་སྤེལ་གྱི་བགྲོད་ལམ་དུ་བཟང་པོར་སྐྱོད་དགོས། ད་ལོ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་བརྗོད་གཞི་ནི་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་སྡེ་དར་སྤེལ་འཐབ་ཇུས་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བཟང་པོ་བྱེད་པ། རོང་འབྲོག་ཕྱོགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པར་ཁྲིད་སྟོན་བྱས་ནས། ཞིང་གསུམ་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཞིང་འབྲེལ་སྡེ་ཁག་བཅས་ཀྱིས་ཞིང་གསུམ་ཁྱབ་ཁོངས་ཀྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བྱ་བར་རྟོག་དཔྱོད་བསམ་གཞིགས་ནན་མོ་གཏོང་བ་དང་། ཁུལ་གྱི་གནས་ཚུལ་དང་རྫོང་གི་གནས་ཚུལ། ཞང་གི་གནས་ཚུལ། མང་ཚོགས་ཀྱི་གནས་ཚུལ་བཅས་གསལ་པོར་ཤེས་པར་བྱས་ནས། དངོས་འབེབས་བྱེད་ཐབས་ཞིབ་ཅིང་ཕྲ་བ་གཏན་ཁེལ་བྱེད་དགོས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་དང་ཞང་སྡེ་དར་སྤེལ་བྱ་བའི་དོན་དངོས་ལ་ཟུང་སྦྲེལ་གྱིས་སྡེ་བའི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློར་སྔར་ལས་དབྱེ་ཞིབ་བྱེད་པ་དང་། གོ་སྐབས་དང་ཁྱད་སྟོབས། ཞན་ཆ་བཅས་གསེད་འགྲོལ་བྱེད་པ། ས་བབ་དང་སྡེ་བ། ཁྱིམ་ཚང་བཅས་དང་བསྟུན་ནས་རོང་འབྲོག་མང་ཚོགས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉས་ཀྱི་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་དུས་རབས་གསར་པ་དང་ཁག་ཁུར་གསར་པ། བྱ་གཞག་གསར་པ་བཅས་ལ་དམིགས་ནས་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པའི་བརྩོན་སེམས་བསྐྱེད་དགོས། གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ་དང་ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་གི་ཕྲག་ཏུ་ཁུར་བ་ནི་རྩ་འཛུགས་ཀྱི་འགན་ཁུར་ལྕི་མོ་ཡིན་ལ། མངོན་པར་མཚོན་པ་ནི་ལས་བྱེད་པའི་སྣང་བརྙན་ཡིན་པ་དང་། ཁ་གཏོད་ཡུལ་ནི་མང་ཚོགས་ཀྱི་ཡིད་ཆེས་ཡིན་པས། བྱ་བ་ཕྲན་ཚེགས་དང་གཏམ་སྦྱོར་རེ་རེའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སློབ་སྦྱོང་བྱེད་པ་དང་དཔེ་ལྟ་བ། གཞི་རིམ་དུ་སྐྱོད་པའི་སློབ་སྦྱོང་དང་ལག་ལེན། སྦྱོང་བརྡར་གྱི་གོ་སྐབས་ལ་གཅེས་སྤྲས་བྱེད་པ་དང་། རོང་འབྲོག་མང་ཚོགས་ལ་ཡུན་རིང་མཉམ་འདུག་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས། གཞི་རིམ་དུ་སྐྱོད་པའི་བྱ་བ་དེ་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་སློབ་ཁྲིད་ཆེན་པོ་དང་། ཏང་གཤིས་བློ་སྦྱོང་གི་ངེས་མཁོའི་སློབ་ཁྲིད། མང་ཚོགས་ལ་མཉམ་དུ་འདྲེས་པའི་སྦྲེལ་ཟམ། འཚར་ལོངས་སྦྱོང་བརྡར་གྱི་གོ་སྐབས་བཟང་པོ་བཅས་ལ་བརྩིས་ནས། མང་ཚོགས་དང་མཉམ་དུ་འདྲེས་པར་བྱེད་པ་དང་། མང་ཚོགས་ལ་སློབ་སྦྱོང་བྱེད་པ་དང་མཉམ་དུ། རང་ཉིད་རྒྱུན་ཆད་མེད་པར་གོང་འཕེལ་ཡོང་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལས་བྱེད་མངགས་པའི་ལས་ཁུངས་དང་སྡོད་གནས་ཀྱི་ཞང་སྡེ་བཅས་ཀྱིས་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ལས་བྱེད་པར་སེམས་ཁུར་བཟང་པོ་བྱེད་པ། ཁོ་ཚོའི་ཁྱིམ་ཚང་ལ་སེམས་ཁུར་བཟང་པོ་བྱེད་པ་དང་། ཁོ་ཚོའི་ཁྱིམ་མི་ལ་གཟིགས་སྐྱོང་བཟང་པོ་བྱེད་དགོས་པའི་རེ་བ་བཏོན།

ཡན་ཅིན་ཧེ་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། ཝང་ཡུས་ཡན་གྱིས་ཉེ་བའི་ལོ་གསུམ་རིང་གི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱ་བའི་སྤྱིའི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། དུས་རིམ་རྗེས་མའི་བྱ་བར་རེ་བ་བཏོན། ཡུས་ཚུང་ལི་ཚོགས་འདུར་ཞུགས།

ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚན་རྩལ་ཐིན། ཟི་ལིང་གྲོང་ཁྱེར། མཚོ་ནུབ་ཁུལ། མགོ་ལོག་ཁུལ། ཧུའུ་ཀྲུའུ་རྫོང་། གུང་ཧོ་རྫོང་། མདའ་བཞི་རྫོང་བཅས་ཀྱིས་སོ་སོར་བརྗེ་རེས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།