ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཆེན་པོའི་སྒྲིག་ཆས་གལ་ཆེན་ལས་ཀྲུང་གོའི་སྟོབས་ཤུགས་མངོན།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཁབ་ཅིག་གི་འགྲན་རྩོད་ནུས་པ་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་ཐད་ནས་མངོན་ཞིང་། བཟོ་སྐྲུན་ལས་རིགས་ཁྲོད་གལ་ཆེ་ཤོས་དང་ཆེས་ལྟེ་བ་ནི་གོ་མཚོན་བཟོ་སྐྲུན་ལས་རིགས་དེ་རེད།

སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་གོ་མཚོན་བཟོ་སྐྲུན་ལས་རིགས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། དེའི་ནང་མཚོན་རྟགས་རང་བཞིན་ཆེ་ཤོས་ལྡན་པ་ནི་རྒྱལ་ཁབ་ཆེན་པོའི་གོ་མཚོན་གལ་ཆེན་མང་དག་སྟེ། “བསྐྱར་དར་རྟགས་ཅན”གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐེངས་དང་པོ་ཐུབ་པ་ནས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེན་པོ་འཕུར་སྐྱོད་ཐེངས་དང་པོ་བྱས་པའི་བར་དང་། “ཧྭ་ལུང་རྟགས་ཅན་ཨང་དང་པོར”གྲུ་གཡོར་བཀལ་ནས་རྒྱ་མཚོ་ཆེན་པོར་བསྐྱོད་པ་ནས“སུམ་རྩེན་རྟགས་ཅན་ཨང་དང་པོ”བར་སྣང་ཁམས་སུ་གནས་སྡོད་བྱས་པའི་བར། བཟོ་སྐྲུན་ལས་རིགས་ཀྱི“རྩེར་སོན་གྲུབ་འབྲས་བརྩོན་ལེན་བྱེད་པ”ནས་རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ཆུར་འཛུལ་བའི་བར་སོགས་ཡིན་པ་དང་། དེ་དག་གིས་ཀྲུང་གོ་བའི་ཕུགས་འདུན་མཚོན་པ་དང་ཀྲུང་གོའི་བློ་གྲོས་གཅིག་སྡུད་ཐུབ་ཡོད་ལ། རྒྱུན་ཆད་མེད་པར་ཤུགས་ཆེར་ཕྱིན་པའི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་དངོས་ཡོད་སྟོབས་ཤུགས་ཀྱང་མངོན་ཡོད།
        C919ཡི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེན་པོ་དགུང་སྔོན་དབྱིངས་སུ་འཕུར་སྐྱོད་བྱས་པ།
        ཟླ་7ཚེས་12ཉིན་གྱི་ཕྱི་དྲོ། C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་102ཧྲང་ཧའེ་ནས་འཕུར་ཏེ་བར་སྣང་དུ་རྒྱང་ཐག་རིང་བའི་འབབ་ཐང་བརྗེ་བའི་འཕུར་སྐྱོད་ཐེངས་དང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད། ས་ཆ་མང་པོར་དུས་གཅིག་ཏུ་ཚོད་འཕུར་བྱ་ཐབས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ཞིབ་སྤེལ་ཚོད་འཕུར་གཅིག་སྡུད་བྱེད་པའི་དུས་མཚམས་གསར་པར་བསྒྱུར་བ་མཚོན་གྱི་ཡོད།
       ཀྲུང་གོའི་གནམ་གྲུ་ཆེན་པོ་དགུང་སྔོན་དབྱིངས་སུ་འཕུར་སྐྱོད་ཐུབ་པ་བྱ་རྒྱུ་ནི་ད་བར་གྱི་ཀྲུང་གོ་བའི་ཕུགས་འདུན་ཡིན་ཞིང་། ན་ནིང་ཟླ་5ཚེས་5ཉིན་རང་རྒྱལ་གྱིས་ཐེངས་དང་པོར་རྒྱལ་སྤྱིའི་མཁའ་སྐྱོད་དང་འཚམས་པའི་ཚད་གཞི་གཞིར་བཟུང་ཞིབ་བཟོ་བྱས་པའི་རྐུབ་སྟེགས་150ཡོད་པའི་མཁའ་ལམ་ཨ་མའི་འགྲུལ་སྐྱེལ་གནམ་གྲུ་སྟེ་རླུང་འབུད་རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919དེ་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཐེངས་གཅིག་ལ་མཁའ་དབྱིངས་སུ་འཕུར་ཡོད་པ་དང་། དེ་ཐོག་ནས་རང་རྒྱལ་གྱི་མཁའ་འགྲུལ་བཟོ་ལས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་གྱི་ཡོད།
       2007ལོའི་ཟླ་12ཚེས་21ཉིན། ལོ་16དཀའ་ཚེགས་འཚོལ་ཞིབ་བྱས་པ་བརྒྱུད། ARJ21-700ཡི་ཉིང་ལག་མཁའ་ལམ་གསར་པའི་གནམ་གྲུ་དེ་ཧྲང་ཧའེ་གནམ་གྲུ་བཟོ་གྲྭས་སྤྱིའི་སྒྲིག་སྦྱོར་བྱས་ནས་སྤྱོད་འགོ་ཚུགས་པས་རང་རྒྱལ་གྱི་མཁའ་ལམ་ཐོག་རང་རྒྱལ་གྱིས་བཟོས་པའི་རླུང་འབུད་རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་མེད་པའི་སྟོང་ཆ་བསྐངས་ཡོད། 2008ལོའི་ཟླ་5པར། ཀྲུང་གོའི་ཚོང་སྤྱོད་འཕུར་སྐྱོད་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་། དུས་དེ་ནས་བཟུང་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཞིབ་བཟོའི་ལས་འགན་ལྕི་པོ་འཁུར་ཡོད།
       “བསྐྱར་དར་རྟགས་ཅན”གྱིས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི“གསེར་གྱི་མིང་བྱང”མངོན་པར་བྱས་པ།
       2017ལོའི་ཟླ་6པར། ཀྲུང་གོ་བ་ཚོས་རྒྱུན་གཏན་འཚོ་བའི་ནང“བསྐྱར་དར་རྟགས་ཅན”གྱི་མྱུར་བགྲོད་མེ་འཁོར་ནང་སྡོད་འགོ་ཚུགས་ཡོད། སྐབས་དེ་དུས། བརྙན་དུམ་ཐུང་ངུ་ཞིག་དྲ་ཐོག་ཏུ་ཐེངས་མང་བསྟན་ཡོད་པ་སྟེ། ཊམ་ཀ་ཞིག“བསྐྱར་དར་རྟགས་ཅན”མེ་འཁོར་གྱི་སྒེའུ་ཁུང་འགྲམ་དུ་བཞག་པ་དང་། སྐར་མ་9ཡི་ནང་ཚུན་དུ་མྱུར་བགྲོད་ལྕགས་ལམ་ཆུ་ཚོད་རེར་སྤྱི་ལེ་300ཡི་མྱུར་ཚད་ཐོག་ནས་སྐྱོད་བཞིན་ཡོད་ཀྱང་ཊམ་ཀ་དེ་ཐོག་མཐའ་བར་གསུམ་དུ་ཟགས་མེད་པ་དེ་རེད། ཕྱི་རྒྱལ་གྱི་གྲོགས་པོ་ཞིག་གིས“མེ་འཁོར་དེ་མགྱོགས་ལ་སྐྱིད་སྣང་ལྡན་པ་ཞིག་འདུག ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་ཆུ་ཚད་དེ་གོ་ལ་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་ཆུ་ཚད་ཀྱི་མདུན་གྲལ་དུ་སླེབས་ཡོད”ཅེས་ཧང་སངས་པའི་ངང་བསྔགས་བརྗོད་བྱས་པ་རེད།
        འཕེལ་རྒྱས་མྱུར་པོ་ཡོང་བར་མེ་འཁོར་གྱི་མྱུར་ཚད་མཐོ་རུ་གཏོང་དགོས་ཤིང་། 2004ལོའི་ལོ་སྨད་དུ། རང་རྒྱལ་གྱིས་བསྡུ་ལེན་ཡག་པོ་ཐུབ་པ་དང་སླར་ཡང་གསར་གཏོད་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ནས“སྔོན་ཐོན་ལག་རྩལ་ནང་འདྲེན་དང་། མཉམ་དུ་ཐོན་སྐྱེད་ཇུས་འགོད་ཀྱིས་ཀྲུང་གོའི་སྤུས་རྟགས་གཏོད་པའི”བརྩོན་ལེན་བྱས་པ་བརྒྱུད། རིན་དོད་ཆུང་ཤོས་དང་དུས་ཚོད་ཐུང་ཤོས་ནང་རང་རྒྱལ་གྱི་ལྕགས་ལམ་འཕྲུལ་འཁོར་འཁོར་རིགས་ཀྱི་ཆུ་ཚད་མཆོང་སྐྱོད་ཐུབ་པར་བྱས་ཡོད། 2007ལོར། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་200ཟིན་པའི“ཞི་མཐུན་རྟགས་ཅན”གྱི་CRHཤུགས་འགྲེམས་མེ་འཁོར་དངོས་སུ་སྤྱོད་འགོ་ཚུགས་ཡོད། དེ་ནས་བཟུང་། རང་རྒྱལ་གྱི་འཕྲུལ་འཁོར་འཁོར་རིགས་བཟོ་ལས་ཀྱིས་མྱུར་ཚད་མཐོ་བའི་ཤུགས་འགྲེམས་མེ་འཁོར་གྱི་ཡང་བའི་ཚད་བཅད་འཁོར་དབྱིབས་དང་། མྱུར་བགྲོད་ཁ་སྒྱུར་སྒྲོམ་དང་མེ་འཁོར་གཅིག་སྡུད་སྤྱིའི་སྒྲིག་སྦྱོར་སོགས་ཀྱི་འགག་རྩའི་ལག་རྩལ་རབ་དང་རིམ་པ་སྟངས་འཛིན་ཐུབ་ནས“བསྐྱར་དར་རྟགས་ཅན”སོགས་ཀྱི་རྗེས་མཐུད་ཐོན་རྫས་ཞིབ་བཟོ་བྱ་ཆེད་རྨང་གཞི་བཏིངས་ཡོད།
       LNGགྲུ་གཟིངས་ཀྱིས་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱི“རྩེར་སོན་ཆུ་ཚད”བརྩོན་ལེན་བྱས་པ།
       གྲུ་གཟིངས་བཟོ་སྐྲུན་ལས་རིགས་ནི་དེང་རབས་བཟོ་ལས་ཀྱི་དགེ་མཚན་ཕྱོགས་བསྡུས་ལྡན་པ་ཞིག་ཡིན་ཞིང་། དེར“ཕྱོགས་བསྡུས་བཟོ་ལས་ཀྱི་ཨང་དང་པོ”ཞེས་བརྗོད་སྲོལ་ཡོད། འགོ་འཛུགས་དུས་ཚོད་ཕྱི་བའི་དབང་གིས་བར་སྐབས་ཤིག་རིང་རང་རྒྱལ་གྱི་གྲུ་གཟིངས་བཟོ་བའི་ལས་ཆོད་ཆུང་བ་དང་། འཕར་བའི་བྱ་ཐབས་རགས་ལས་ཡིན་པས་གྲུ་གཟིངས་ཀྱི་དབྱིབས་དེ་དངོས་ཟོག་སིལ་མ་སྐྱེལ་འདྲེན་གྲུ་གཟིངས་དང་སྣུམ་སྐྱེལ་གྲུ་གཟིངས་སོགས་རྒྱུན་གཏན་གྲུ་གཟིངས་ཀྱི་དབྱིབས་གཙོ་བོ་ཡིན་པ་རེད། དུས་རབས་གསར་པར་སླེབས་ཚུན། གོ་ལ་ཧྲིལ་པོའི་ལས་རིགས་ཀྱི་འགྲན་རྩོད་ཉིན་རེ་བཞིན་ཤུགས་ཆེ་རུ་ཕྱིན་པས་སྟོབས་ཤུགས་ངེས་ཅན་ལྡན་པའི་གྲུ་གཟིངས་བཟོ་སྐྲུན་ཁེ་ལས་ཁག་གཅིག་གིས་རང་འགུལ་ངང་མིག་རྒྱང་རིམ་པ་འབྲིང་མཐོའི་ཁྲོམ་རར་ཕྱོགས་ཡོད། གྲུ་གཟིངས་བཟོ་སྐྲུན་བཟོ་ལས་ཀྱི“རྩེར་སོན་ཆུ་ཚད”ཡིན་པའི་LNG(གཤེར་འགྱུར་རང་བྱུང་སོལ་རླངས)གྲུ་གཟིངས་བཟོ་རྒྱུ་ནི་དམིགས་ཚད་གལ་ཆེན་གྱི་གྲས་ཤིག་རེད།
       LNGགྲུ་གཟིངས་བཟོ་རྒྱུ“མེད་པ་ལས་ཚད་བརྒལ”ཡོང་བ་བྱེད་པར་སྔོན་ལ་ངེས་པར་དུ་ལག་རྩལ་གྱི་དཀའ་གནད་མང་དག་ཅིག་སེལ་དགོས་ཀྱི་ཡོད། དེའི་ཐད་ཧུའུ་ཏུང་ཀྲུང་ཧྭ་གྲུ་གཟིངས་བཟོ་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིས་མ་འཇོག་འབོར་ཆེན་བྱས་ནས་དྲོད་ཚད་དམའ་བའི་གཤེར་དངོས་སྲུང་སྐོར་མ་ལག་དང་། དྲོད་ཚད་དམའ་པོ་ཐེག་པའི་གཤེར་དངོས་གྲུ་འདྲེན་མ་ལག སྒུལ་ཤུགས་ཚོད་འཛིན་མ་ལག་བཅས་ལྟེ་བའི་ལག་རྩལ་ཆེ་གྲས་གསུམ་འགག་སྒྲོལ་ཐུབ་པར་བྱས་ཏེ་འབྲེལ་གཅོད་སྒམ་དང་། དབྱིན་ཝ་དོང་། གཤེར་འཐེན་མཐོ་ལྕོགས་བཅས་ལྷུ་ལག་གཙོ་བོ་གསུམ་རང་བརྟེན་ཞིབ་བཟོ་བྱས་མཐར་རང་རྒྱལ་གྱི་LNGགྲུ་གཟིངས་དང་པོ་2008ལོའི་ཟླ་4ཚེས་3ཉིན་ལེགས་གྲུབ་ལྡན་པའི་ངང་རྩིས་སྤྲོད་ཐུབ་ནས་ཀྲུང་གོའི་གྲུ་གཟིངས་བཟོ་སྐྲུན་ལོ་རྒྱུས་ཐོག་གི་ལེའུ་གསར་པ་ཞིག་ཕྱེ་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།