ཀྲུང་གོ་བོད་ཀྱི་དྲ་བ།

​ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཨ་མེ་རི་ཁས་ཀྲུང་གོས་ཨ་མེ་རི་ཁར་བསྐྱལ་བའི་ཐོན་རྫས་ལ་ཁྲལ་བསྡུ་ཚད་ཇེ་མཐོར་གཏོང་རྩིས་ཡོད་པའི་ཐད་ནས་གཏམ་བཤད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཨ་མེ་རི་ཁས་ཀྲུང་གོས་ཨ་མེ་རི་ཁར་བསྐྱལ་བའི་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་ཐོན་རྫས་ལ་ཁྲལ་བསྡུ་ཚད་ཇེ་མཐོར་གཏོང་རྩིས་ཡོད་པའི་ཐད་ནས་གཏམ་བཤད་སྤེལ། མགྲིན་ཚབ་པས་བཤད་རྒྱུར། ཨ་མེ་རི་ཁར་ཉིན་འདི་གཉིས་ལ་བྱ་སྤྱོད་གཉིས་ཡོད་དེ། གཅིག་ནི་ཀྲུང་གོས་ཨ་མེ་རི་ཁར་བསྐྱལ་བའི་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་ཐོན་རྫས་ལ་ཁྲལ་བསྡུ་ཚད་དེ་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་ཉེར་ལྔར་ཇེ་མཐོར་གཏོང་རྩིས་ཡོད་པ་དེ་ཡིན་ལ། ཅིག་ཤོས་ནི་གང་ས་གང་དུ་ཀྲུང་གོའི་བར་གྱི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་དེ་ཡིན།

ཨ་མེ་རི་ཁས་འཛམ་གླིང་ཡོངས་ཀྱི་ཁེ་ཕན་ལ་བསམ་བློ་མ་བཏང་བར་མ་ཟད། ཐ་ན་ཨ་མེ་རི་ཁའི་སྤྱིར་བཏང་གི་ཞིང་པ་དང་ཁེ་ལས་པ། འཛད་སྤྱོད་པ་བཅས་ཀྱི་ཁེ་ཕན་ལ་ཡང་བསམ་བློ་མ་བཏང་བར། ཀྲུང་གོར་ཞི་དྲག་གཉིས་ཀྱི་ཐབས་ཇུས་ཀྱི་རྩེད་མོ་བརྩེས་པ་རེད། བྱ་སྤྱོད་དེས་ཀྲུང་གོར་ནུས་པ་ཅི་ཡང་ཐོན་མི་ཐུབ་ལ། འཛམ་གླིང་སྟེང་གི་ཉོ་ཚོང་འཐབ་མོ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་དག་ཀྱང་ཡིད་ཕམ་པར་བྱེད་ངེས།

ཨ་མེ་རི་ཁས་ཉོ་ཚོང་འཐབ་མོ་ཛ་དྲག་ཏུ་གཏོང་བའི་འཇིགས་སྣང་བསླངས་པ་དེར་ཀྲུང་གོས་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། དེར་ངོ་རྒོལ་བྱས་ནས་རྒྱལ་ཁབ་ཀྱི་ལ་རྒྱ་དང་མི་དམངས་ཀྱི་ཁེ་ཕན། རང་དབང་ཉོ་འཚོང་དང་ཕྱོགས་མང་སྒྲིག་སྲོལ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་ཁེ་ཕན་བཅས་ལ་སྲུང་སྐྱོབ་མི་བྱེད་ག་མེད་བྱུང་། དེ་དང་མཉམ་དུ་ཀྲུང་གོས་སྔར་བཞིན་དུ་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་པའི་འདོད་བློ་བཅངས་ཡོད་མོད། ཡིན་ནའང་དེའི་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་དམ་བཅའ་བརྩི་སྲུང་བྱེད་རྒྱུ་དེ་ཡིན།

ཨ་མེ་རི་ཁས་ཀྲུང་གོར་ལུགས་མེད་ཀྱི་སྐྱོན་འཛུགས་སྣ་ཚོགས་བྱས་པ་དེའི་རྩ་བའི་དམིགས་ཡུལ་ནི་ཀྲུང་གོའི་ཞི་བའི་འཕེལ་རྒྱས་ཀྱི་མགོ་གནོན་རྒྱུ་དེ་རེད། ཀྲུང་གོས་ནམ་ཡིན་རུང་དོན་ངན་དོན་བཟང་དུ་བསྒྱུར་ཆོག་པ་དང་། འགྲན་རྩོད་གོ་སྐབས་སུ་བསྒྱུར་ཆོག་པར་འདོད་ཡོད་ལ། ང་ཚོ་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།