ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་ཐོག་མར་དབྱི་མུའུ་ལན་ཧན་གྱིས་ཕ་ཁི་སི་ཐན་གྱི་ཙུང་ལིའི་འགན་འཁུར་བར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཉིས་སྟོང་བཅོ་ལྔ་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་ལ་འཚམས་འདྲི་མཛད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་བཏོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས། འཕེལ་རྒྱས་བཅས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ནི་དུས་སྐབས་གསར་བར་ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་མཉམ་ལས་བྱེད་པའི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་བར་ཁྱམས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས་ཟེར།

དབྱི་མུའུ་ལན་ཧན་གྱིས་བཤད་རྒྱུར། ཕ་ཁི་སི་ཐན་མི་དམངས་དང་ཀྲུང་གོ་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཕ་ཁི་སི་ཐན་སྲིད་གཞུང་གསར་བས་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་པ་དང་། ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལག་བསྟར་བྱེད་པར་མ་ཟད་བྱེད་ཐབས་ནུས་ལྡན་སྤྱད་དེ་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་ལས་གཞིའི་བདེ་འཇགས་ཁག་ཐེག་བྱེད་པ་ཡིན་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།