ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180823095135BDiY.jpg

རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཚེས་ཉེར་གཅིག་དང་ཚེས་ཉེར་གཉིས་ཉིན་གཉིས་ལ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཚེས་ཉེར་གཅིག་དང་ཚེས་ཉེར་གཉིས་ཉིན་གཉིས་ལ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། གནས་བབ་གསར་བའི་འོག་ཏུ་དྲིལ་སྒྲོག་བསམ་བློ་བྱ་བའི་འགན་འཁྲི་དང་ལས་འགན་ཡོངས་འགྲུབ་བྱེད་སྐབས། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་དགོས་ལ། རང་རྟོགས་སྒོས་དར་ཆ་མཐོན་པོར་སྒྲེང་བ་དང་དམངས་སེམས་གཅིག་སྡུད་བྱེད་པ། མི་གསོ་སྐྱོང་བྱེད་པ། རིག་གནས་དར་སྤེལ་བྱེད་པ། སྣང་བརྙན་མངོན་པར་བྱེད་པའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བའི་ཐད་ལ་ཤུགས་བསྐྱེད་ཅིང་གནད་འགག་གི་སྐབས་དང་དོན་དག་གལ་ཆེན་ཐད་ལ་ཤུགས་བསྐྱེད་པ་དང་། བྱ་བའི་སྤུས་ཚད་དང་ཆུ་ཚད་ཐད་ལ་ཤུགས་བསྐྱེད་དེ། དྲིལ་སྒྲོག་བསམ་བློ་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཡོངས་ཀྱིས་ཕུགས་འདུན་འདུ་ཤེས་དང་རིན་ཐང་འདུ་ཤེས། ཀུན་སྤྱོད་འདུ་ཤེས་བཅས་ཀྱི་ཐད་ནས་མཐུན་སྒྲིལ་གཅིག་གྱུར་བྱས་ནས། ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་དྲིལ་སྒྲོག་བསམ་བློ་བྱ་བ་དེ་ཁྱོན་ཡོངས་ཀྱི་བྱ་བའི་གོ་གནས་གལ་ཆེན་དུ་བཞག་སྟེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་བྱས་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག དྲིལ་སྒྲོག་བསམ་བློ་འཐབ་ཕྱོགས་ཀྱིས་ཧུར་ཐག་སྒོས་བྱ་སྤྱོད་སྤེལ་བ་དང་གསར་གཏོད་བརྩོན་ལེན་བྱས་ཏེ། ཏང་གི་རིགས་གཞུང་གསར་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མི་སེམས་ལ་འཇགས་པར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་དགོས་ལ། བསམ་བློའི་གླེང་ཕྱོགས་གཙོ་བོ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་རིག་གནས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་རིག་གནས་ཀྱི་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ནུས་ཤུགས་ཚད་མཐོན་པོས་ཇེ་ཆེར་བཏང་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐད་ཀྱི་མཐུན་སྒྲིལ་གཅིག་གྱུར་སྔར་ལས་སྲ་བརྟན་དུ་གཏོང་དགོས། ལག་ལེན་ལས་ཏང་ཀྲུང་དབྱང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ནི་ཧ་ཅང་ཡང་དག་པ་ཞིག་ཡིན་པ་དང་། དྲིལ་སྒྲོག་བསམ་བློ་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པར་ཧ་ཅང་ཡིད་རྟོན་བྱེད་ཆོག་པ་བདེན་དཔང་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཏང་གིས་དྲིལ་སྒྲོག་ལ་དོ་དམ་དང་ཏང་གི་དོ་དམ་འདུ་ཤེས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་གྱུར་སྒོས་བཀོད་འདོམས་བྱས་ཏེ་འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོབ་བྱེད་དགོས་པར་མ་ཟད་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་བློ་ཐག་རྦད་ཆོད་སྒོས་སྤྱོད་ངན་བཞི་དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་དགོས། དྲིལ་སྒྲོག་བསམ་བློའི་ལས་བྱེད་པས་མུ་མཐུད་དུ་ཤེས་བྱ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་ཁྱབ་ཁོངས་གསར་བ་བྱང་ཆུབ་པར་བྱེད་པ། མཐོང་རྒྱ་སྔར་ལས་ཡངས་པར་བྱེད་དགོས་ལ། རང་ཉིད་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་ཞིབ་བཤེར་ཞིབ་འཇུག་ལ་ཤུགས་བསྣན་ཏེ། ཧུར་ཐག་སྒོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ནུས་ཤུགས་ཆེ་བ་དང་དངོས་གཉེར་གསར་སྐྲུན། འཐབ་འཁྲུག་ལས་རྣམ་པར་རྒྱལ་བའི་དྲིལ་སྒྲོག་བསམ་བློ་བྱ་བའི་དཔུང་སྡེ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་སྤྱི་སྡོམ་ཞིབ་མོ་བྱས་ཡོད་པ་དང་གནས་བབ་གསར་བའི་འོག་གི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་འགན་འཁྲི་དང་ལས་འགན་རྒྱས་བཤད་བྱས་ཡོད་ལ། ཁ་ཕྱོགས་རང་བཞིན་དང་གཞི་རྩ་རང་བཞིན། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཞིབ་མོ་བཏབ་པར་མ་ཟད། གནས་བབ་གསར་བའི་འོག་གི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་ཞིབ་མོ་བྱས་ཡོད། ཁོང་གི་གསུང་བཤད་ཀྱི་མཐོང་རྒྱ་ཡངས་ཤིང་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པ་ཞིག་ཡིན་པས། དེ་ནི་གནས་བབ་གསར་བའི་འོག་གི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། ང་ཚོས་དེ་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་དང་གཅིག་གྱུར་བྱེད་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་དང་རིག་གནས་དང་གནས་སྐོར་པུའུ། མི་དམངས་ཉིན་རེའི་ཚགས་པར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། པེ་ཅིན་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་མི་སྣས་བརྗེ་རེས་གཏམ་བཤད་སྤེལ།

ཀྲུངགུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁ་ཤས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།