ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བཞི་བར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ཀྲེ་ཅང་ཧང་ཀྲིག་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་སྤེལ་བའི་ལོ་ངོ་བཞི་བཅུའི་རིང་གི་རང་རྒྱལ་གྱི་ཁྲིམས་འཛུགས་བྱ་བར་སྤྱི་སྡོམ་བྱེད་པ། ལྷག་པར་དུ་ས་གནས་ཁྲིམས་འཛུགས་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱེད་པ། ས་གནས་ཁྲིམས་འཛུགས་བྱ་བ་དེ་དུས་རབས་ཀྱི་འགྲོས་དང་མཐུན་པ་དང་། བཅོས་བསྒྱུར་དང་དུས་མཉམ་པ། ལག་ལེན་དང་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། བཅོས་བསྒྱུར་སྒོ་འབྱེད་སྤེལ་བའི་ལོ་བཞི་བཅུའི་རིང་ལ། ཁྲིམས་འཛུགས་ཀྱི་དབང་ཆ་ཡོད་པའི་ས་གནས་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་དང་ས་གནས་ཏང་ཨུས་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་གཞི་འཛིན་ས་བྱེད་པ་དང་། ས་གནས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ། ས་གནས་ཁྲིམས་འཛུགས་བྱ་བར་འཚོལ་ཞིབ་བྱེད་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་ཞིག་གཏན་འབེབས་བྱས་ནས། ས་ཆ་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁྲིམས་ལུགས་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པས། ས་གནས་ཁྲིམས་འཛུགས་བྱ་བའི་ཐད་ནས་ངེས་པར་དུ་དུས་རབས་གསར་བ་དང་རེ་བ་གསར་བ་དང་མཐུན་པར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་སེམས་ཁུར་དང་དོ་སྣང་བྱེད་ས་དང་བསྟུན་པ། ཏང་ཀྲུང་གི་བཀོད་སྒྲིག་གསར་བའི་རྗེས་སུ་དམ་པོར་འབྲངས་དགོས། རང་རྟོགས་སྒོས་ས་གནས་ཁྲིམས་འཛུགས་བྱ་བ་དེ་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་སྟེ་འཆར་འགོད་བྱེད་པ་དང་བརྟན་བརླིང་ངང་སྤེལ་ནས། དུས་རབས་གསར་བའི་ས་གནས་ཁྲིམས་འཛུགས་བྱ་བའི་ཐད་ནས་བབ་བསྟུན་མདུན་སྐྱོད་བྱེད་པ་དང་འཐུས་ཚང་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ས་གནས་ཁྲིམས་འཛུགས་བྱ་བ་བཟང་བོར་བསྒྲུབ་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་བ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། དམངས་ཀྱི་ཆེད་དུ་ཁྲིམས་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལུགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛུགས་དང་བཅོས་བསྒྱུར་འཕེལ་རྒྱས་གཉིས་ཕན་ཚུན་འཕྲོད་པར་བྱེད་པ། ས་གནས་ཀྱི་ཁྱད་ཆོས་འབུར་ཐོན་བྱས་ཏེ། ཁྲིམས་འཛུགས་ཀྱི་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་དགོས། དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་དམངས་ཚིས་སོགས་ཁྱབ་ཁོངས་གཙོ་བོའི་ས་གནས་ཁྲིམས་འཛུགས་ལ་ཤུགས་སྣོན་པ། ཚད་ལྡན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་སྣེ་ཁྲིད་ཏེ། ས་གནས་ཁྲིམས་འཛུགས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།