ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཨུ་རུ་སི་དཀར་པོར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད།

    སྤེལ་དུས། : 2018-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་ནས་ཉེར་གཉིས་ཉིན་བར་ཨུ་རུ་སི་དཀར་པོར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པར་མ་ཟད། ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་ཙུང་ལི་ལུའུ་མཱ་སི། རྒྱལ་དམངས་གྲོས་ཚོགས་སྤྱི་མཐུན་རྒྱལ་ཁབ་གླིང་གི་ཀྲུའུ་ཞི་མུས་ཡ་སི་ཉི་ཁོ་ཝེ་ཆི། ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁོ་ཆ་ནོ་ཝ་བཅས་ལ་སོ་སོར་མཇལ་འཕྲད་གནང་།

ལུའུ་ཁ་ཧྲིན་ཁི་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོར་བརྩེ་བའི་འཚམས་འདྲི་མཛད་པ་བརྒྱུད་བསྒྲགས་བྱས་པ་དང་། ལུའུ་ཁ་ཧྲིན་ཁི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་མཛད། ཀྲའོ་ལི་ཅི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེར་གྱུར་ཡོད། ང་ཐེངས་འདིར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཡིན། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་གཉིས་ཀྱིས་དུས་ནམ་ཡང་ཕ་རོལ་བ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པར་འབད་བརྩོན་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།

ལུའུ་མཱ་སི་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་ནི་ཕན་ཚུན་ལ་བློ་གཏོད་པའི་གྲོགས་པོ་བཟང་པོ་དང་ལྷག་བསམ་རྣམ་དག་གི་སྤུན་ཟླ་བཟང་པོ་ཡིན། ཀྲུང་གོས་ཨུ་རུ་སི་དཀར་པོ་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཨུ་རུ་སི་དཀར་པོའི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཐད་ནས་མྱུར་དུ་འབྲེལ་འདྲིས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྱོར་འཚོང་དང་དངུལ་རྩ། མི་ཆོས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡར་སྐུལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

མུས་ཡ་སི་ཉི་ཁོ་ཝེ་ཆི་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་ཀྱི་གནས་བབ་བཟང་པོ་སྲུང་འཛིན་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་གོང་འཕེལ་ལ་གཏོང་དགོས་ཟེར།

ཁོ་ཆ་ནོ་ཝ་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ལེགས་པོ་མཛད། ཁོང་གིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཀྲུང་གུང་ཀྲུང་དབྱང་གི་ལས་ཁུངས་བར་དུས་རྒྱུན་དུ་འགྲོ་འོང་བྱས་ཏེ། འབྲེལ་འདྲིས་མཐུན་སྦྱོར་ལ་ཞུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་དངོས་འབེབས་བཟང་པོ་བྱེད་རྒྱུའི་རེ་བ་བཏོན།

ཀྲའོ་ལི་ཅི་ཡིས་ད་དུང་ཨུ་རུ་སི་དཀར་པོའི་རྒྱལ་ཁབ་དཔེ་མཛོད་ཁང་ལ་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པ་སོགས་ཀྱི་དཔེ་དེབ་བྱིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྙིང་པོ་དང་དོན་སྙིང་མཚམས་སྦྱོར་མཛད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།