ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་རག་གི་གསར་དུ་བདམས་པའི་ཙུང་ཐུང་པར་ཧ་མུའུ་སཱ་ལེ་ཧི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དགུ་ཉིན་པར་ཧ་མུའུ་ས་ལེ་ཧི་ལ་གློག་འཕྲིན་བཏང་ནས། ཁོ་དབྱི་རག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་དབྱི་རག་བར་དུ་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ལ། དངོས་གཉེར་མཉམ་ལས་མགྱོགས་མྱུར་སྒོས་གོང་དུ་འཕེལ་བ་དང་། མི་ཆོས་བརྗེ་རེས་སྔར་ལས་ཇེ་དམ་དུ་སོང་བས། ང་དགའ་སྤྲོ་ཆེན་པོས་ཁེངས་ཡོད། ཁྱེད་ཀྱི་འགོ་ཁྲིད་འོག་ཏུ། དབྱི་རག་གི་ཆབ་སྲིད་འདུམ་འགྲིག་དང་དཔལ་འབྱོར་བསྐྱར་འཛུགས་ཀྱི་འཕེལ་རིམ་བརྟན་བརླིང་སྒོས་འཕེལ་བ་དང་། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ཐད་ནས་མུ་མཐུད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པའི་སྨོན་འདུན་ཞུ། ངས་ཀྲུང་གོ་དང་དབྱི་རག་གི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁྱེད་དང་མཉམ་དུ་མུ་མཐུད་ནས་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་དབྱི་རག་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་དབྱི་རག་གི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།