ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གྲོས་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201810301025075Uo4.jpg

 ཟླ10བའི་ཚེས29ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ནས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གྲོས་མོལ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧའེ་ནས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གྲོས་མོལ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་བཟོ་བའི་ལས་འགུལ་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། བཟོ་ཚོགས་ཀྱི་བྱ་བ་ནི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་ཉིན་རྒྱུན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བ་ཡིན་པས། ཏང་གི་བཟོ་ཚོགས་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ལས་བཟོ་ཡོངས་ཀྱིས་མཐུན་སྒྲིལ་སྒོས་དུས་རབས་གསར་བའི་ནང་བྱས་རྗེས་སྐྲུན་པར་སྐུལ་སློང་བྱེད་པ། ལས་བཟོ་བའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་ཞབས་ཞུ་སྤེལ་ཤུགས་ཆེ་རུ་གཏོང་བ། བཟོ་ཚོགས་ཀྱི་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ། ཁག་ཁུར་བྱེད་ཕོད་པ་དང་དཀའ་སྤྱད་འབད་འཐབ་བྱེད་པ། གྲུབ་འབྲས་ལེན་པ་དང་དངོས་གཉེར་བདེན་འཛིན་བྱས་ནས། དུས་རབས་གསར་བའི་རང་རྒྱལ་གྱི་བཟོ་བའི་ལས་འགུལ་ལས་དོན་དང་བཟོ་ཚོགས་བྱ་བའི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིན་ཐུན་མོང་གི་གྲོས་མོལ་ལ་ཞུགས།

ཞི་ཅིན་ཕིང་གིས་ཐོག་མར་བསྟན་དོན། ཉིན་འགའི་སྔོན་དུ། ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་རྒྱལ་ཁའི་ངང་གྲོལ་བ་དང་། ཚོགས་འདུས་ཏང་ཀྲུང་དབྱང་གི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བཟོ་ཚོགས་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་བདམ་ཐོན་བྱུང་། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས། ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པ་རྒྱལ་ཁའི་ངང་བསྡུས་པ་དང་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་ལ་སེམས་གཏིང་ནས་རྟེན་འབྲེལ་ཞུ་བ་ཡིན་ལ། རྒྱལ་ཡོངས་རིགས་སོ་སོའི་ལས་བཟོ་བ་དང་། ངལ་རྩོལ་དཔེ་ལེགས་ཅན། བཟོ་ཚོགས་བྱ་བ་སྒྲུབ་མཁན་བཅས་ལ་འཚམས་འདྲི་ཞུས་པ་ཡིན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཟོ་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཀྱི་རྣམ་འགྱུར་བཟང་ཞིང་ཡིད་ཆེས་བརྟན་ལ། སྤྲོ་སེམས་ཆེ་ཞིང་སྤོབས་པས་ཁེངས་ཡོད། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་ལ་རེ་བ་ཟབ་མོ་བཅངས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། བཟོ་ཚོགས་ཀྱིས་ལས་བཟོ་བ་གཙོར་འཛིན་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ལས་བཟོ་བས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་མངོན་སུམ་གྱི་ཁེ་ཕན་གནད་དོན་དམ་འཛིན་བྱེད་པ། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་དང་ལས་བཟོ་བར་ཞབས་འདེགས་ཞུ་བའི་གཞི་རྩའི་འགན་འཁྲི་ལག་བསྟར་བྱེད་པ། མང་ཚོགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། གྲོང་ཁྱེར་གྱི་དཀའ་ཁག་ཅན་གྱི་ལས་བཟོ་བའི་དཀའ་ངལ་སེལ་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དུས་ཐོག་ཏུ་རྒྱུ་རྐྱེན་མང་པོའི་དབང་གིས་ཕྱིར་དབུལ་བོར་གྱུར་བའི་ལས་བཟོ་བའི་རོགས་སྐྱོར་རོགས་འདེགས་བྱ་བ་བཟང་བོར་བསྒྲུབ་ནས། རྒྱ་ཆེའི་ལས་བཟོ་བར་བཟོ་ཚོགས་ཀྱི་ཁྱད་ཆོས་ལྡན་པའི་ཀུན་ཕན་རང་བཞིན་དང་རྒྱུན་ལྡན་རང་བཞིན། གནད་ཕིགས་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་བློ་གཅིག་སེམས་གཅིག་གིས་བཟོ་བའི་གྲལ་རིམ་ལ་རྒྱབ་རྟེན་པའི་བྱེད་ཕྱོགས་ལག་བསྟར་བྱས་ནས། བཟོ་བའི་གྲལ་རིམ་གྱི་བདག་པོའི་གོ་གནས་ལ་འགན་སྲུང་བྱེད་དགོས། ཏང་གི་བཟོ་ཚོགས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོནཔ་དང་། བཟོ་ཚོགས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཐག་གཅོད་པ། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་བཟོ་ཚོགས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། བཟོ་ཚོགས་ཀྱི་ཁྲིམས་སྲོལ་ལྟར་གསར་གཏོད་རང་བཞིན་ལྡན་པའི་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མེན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་ལ་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པ་བསྡུས་པའི་གནས་ཚུལ་དང་བཟོ་ཚོགས་ཀྱི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་ཀྱི་བསམ་ཚུལ་ཡར་ཞུ་བྱས། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡུས་ཧྥུའུ་དང་ཀྲང་གུང་། ཅུས་ཞའོ་ལེན་བཅས་ཀྱིས་གཏམ་བཤད།

ཏིན་ཞུའེ་ཞང་། དབྱང་ཞའོ་ཏུའུ། ཁྲིན་ཞི། གའོ་ཧྲིན་ཁུན། ཧོང་ཁུང་མེན་བཅས་ཐུན་མོང་གི་གྲོས་མོལ་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།