ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཏོ་སྨི་ནི་ཁའི་ཙུང་ཐུང་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏིས་ནཱ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་ལ་མཇལ་འཕྲད་གནང་།

ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏིས་ནཱ་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཏོ་སྨི་ནི་ཁའི་བར་འབྲེལ་བ་བཙུགས་པ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ལ། རྒྱལ་སྤྱིའི་སྟེང་རྩ་དོན་ལ་སྲུང་སྐྱོབ་བྱེད་པ་དང་བདེན་དོན་དར་སྤེལ་གཏོང་བར་ཕན་པ་ཡོད་པ་དང་། མཉམ་ལས་ཁྲོད་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི། བདེན་ཁེ་གཉིས་ཐོབ་ཀྱི་དོན་བཟང་ཡིན་པས། ཀྲུང་གོ་དང་ཏོ་སྨི་ནི་ཁ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གི་ཐུན་མོང་གི་སྣེ་ཁྲིད་འོག མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ནས། མཛའ་བརྩེའི་མཉམ་ལས་བཟང་བོར་སྤེལ་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་བསྡུ་བ་ནི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་ཆོད་སེམས་འགྲེམ་སྟོན་བྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སྤྱོད་བྱེད་པའི་ཆེད་ཡིན་ལ། ཏོ་སྨི་ནི་ཁ་དེའི་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཏོ་སྨི་ནི་ཁའི་གྲོས་ཁང་བར་འབྲེལ་འདྲིས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་མཛད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་བྱས། ཚེས་གཉིས་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་ལ་མཇལ་འཕྲད་གནང་ནས། གོ་རིམ་རྗེས་མའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འཆར་གཞི་བཟོས་པ་དང་། ཁ་ཕྱོགས་གསལ་བོར་བསྟན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ནས། དུས་རབས་གསར་བའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཕ་ཁི་སི་ཐན་གྲོས་ཁང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།