ཞི་ཅིན་ཕིང་གིས་འཛམ་གླིང་མཉམ་འབྲེལ་དྲ་བའི་ཚོགས་ཆེན་སྐབས་ལྔ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་མཉམ་འབྲེལ་དྲ་བའི་ཚོགས་ཆེན་སྐབས་ལྔ་པ་ཚེས་བདུན་ཉིན་ཀྲེ་ཅང་ཞིང་ཆེན་ཝུའུ་གྲོང་རྡལ་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་གཞི་ཁྱོན་སྔར་ལས་ཆེ་བ་དང་རིམ་པ་སྔར་ལས་ཟབ་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་ཤིག་བརྒྱུད་བཞིན་ཡོད། མཉམ་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། མིའི་ཐབས་ཀྱི་རིག་ནུས་སོགས་དེང་རབས་ཆ་འཕྲིན་ལག་རྩལ་རྒྱུན་མ་ཆད་པར་བརྒལ་གཏོར་བྱུང་བ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ལ། རྒྱལ་ཁབ་སོ་སོའི་ཁེ་ཕན་སྔར་ལས་དམ་དུ་འབྲེལ་ཡོད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་ཆེད། ང་ཚོས་གཞི་གྲངས་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་བཏང་ནས། འཛམ་གླིང་ཡོངས་ཀྱི་མཉམ་འབྲེལ་དྲ་བའི་བཅོས་སྐྱོང་མ་ལག་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ལ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གནས་ཚུལ་མི་འདྲ་བ་དང་། མཉམ་འབྲེལ་དྲ་བའི་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་ལ། མདུན་དུ་ལྷགས་པའི་དངོས་ཡོད་འགྲན་རྩོད་ཀྱང་མི་འདྲ་ན་ཡང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རེ་སྨོན་འདྲ་བ་དང་། དྲ་རྒྱའི་བདེ་འཇགས་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཁེ་ཕན་འདྲ་ལ། དྲ་རྒྱའི་བར་སྟོང་བཅོས་སྐྱོང་ལ་ཤུགས་སྣོན་པའི་དགོས་མཁོ་ཡང་འདྲ་བས། རྒྱལ་ཁབ་སོ་སོས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་སྐྱོད་སྒུལ་ཤུགས་དང་མཉམ་རྒྱལ་དམིགས་འབེན་དུ་བཟུང་ཞིང་། ཡིད་རྟོན་མཉམ་སྐྱོང་གི་ལམ་ཞིག་ཏུ་སྐྱོད་ནས། དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པར་སྔར་ལས་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྐབས་འདིའི་འཛམ་གླིང་མཉམ་འབྲེལ་དྲ་བའི་ཚོགས་ཆེན་གྱིས་ཡིད་ཆེས་མཉམ་སྐྱོང་གི་གཞི་གྲངས་ཀྱི་འཛམ་གླིང་བསྐྲུན་པ་སྟེ་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པ་བརྗོད་གཞི་བཟུང་འདུག ཚང་མས་བསམ་འཆར་རྒྱ་ཆེར་བསྡུ་བ་དང་ཐུན་མོང་གི་ལྟ་བ་ཆེ་རུ་བསྐྱེད་ནས། འཛམ་གླིང་ཡོངས་ཀྱི་གཞི་གྲངས་ཅན་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། རྒྱུན་སྲིང་གི་གཞི་གྲངས་འཛམ་གླིང་བསྐྲུན་ནས། མཉམ་འབྲེལ་དྲ་བའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བཟང་པོར་བདེ་སྐྱིད་བསྐྲུན་ཐུབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།