ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181117101124355 (1).jpg

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སིང་ཀ་ཕོར་འགྲེམ་ཚོགས་ལྟེ་གནས་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སིང་ཀ་ཕོར་འགྲེམ་ཚོགས་ལྟེ་གནས་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་བསྐུར་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་ཆུ་ཚད་མཐོན་པོའི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ད་ལོའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གྲོས་མོལ་ཐེངས་མང་པོ་མཛད་དེ། ཐུན་མོང་གི་ལྟ་བ་གསར་བ་བྱུང་། སྔོན་ཏག་ཏག་ལ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་ཙུང་ལིའི་གྲོས་མོལ་ཐེངས་ཉེར་གསུམ་པ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་དངོས་གཉེར་མཉམ་ལས་ཐད་ནས་ད་དུང་མཐོར་འདེགས་ཀྱི་བར་སྟོང་ཆེན་པོ་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་ཉོ་ཚོང་དངུལ་གཏོང་དང་ནུས་ཁུངས། གསར་གཏོད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་མཐོ་རིམ་བར་དུ་དུས་བཀག་ལྟར་བརྗེ་རེས་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་པུའུ་དབྱི་ནའོ་སི་ཨེ་ལིས་སི་མཐོ་རིམ་གླེང་སྟེགས་ལ་ཞུགས་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པའི་ཞོར་དུ། ནུས་ཁུངས་དང་མཁའ་འགྲུལ། ཚན་རྩལ། མཉམ་འབྲེལ་ཞིབ་འཇུག་དང་གསར་སྤེལ། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་ནས་གྲུབ་འབྲས་གསར་བ་ལེན་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།