ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་གྲོས་ཁང་གི་གྲོས་དཔོན་ལོ་ཏི་ལི་ཀི་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123813056_15440309394551n.jpg

ས་དེའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་སི་པིན་ནས་ཕུའུ་ཐའོ་ཡའི་གྲོས་ཁང་གི་གྲོས་དཔོན་ལོ་ཏི་ལི་ཀི་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་སི་པིན་ནས་ཕུའུ་ཐའོ་ཡའི་གྲོས་ཁང་གི་གྲོས་དཔོན་ལོ་ཏི་ལི་ཀི་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕུའུ་ཐའོ་ཡ་ནི་ཀྲུང་གོའི་ཡོ་རིབ་གླིང་མནའ་འབྲེལ་གྱི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར། ཀྲུང་གོ་དང་ཕུའུ་ཐའོ་ཡས་ཨོ་མིན་གྱི་གནད་དོན་འོས་འཚམ་གྱིས་ཐག་བཅད་པ་དེས་རྒྱལ་སྤྱིའི་སྟེང་དུ་མཛའ་མཐུན་གྲོས་མོལ་བྱས་ཏེ་ལོ་རྒྱུས་ཀྱི་གནད་དོན་ཐག་གཅོད་པའི་མིག་དཔེ་བསྟན་ཡོད་ལ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་འབྲེལ་བ་དུས་རབས་གསར་པར་གོང་འཕེལ་དུ་འགྲོ་བར་ཡང་ཡིད་ཆེས་དང་མཉམ་ལས་ཀྱི་རྨང་གཞི་བཏིངས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཕུའུ་ཐའོ་ཡའི་གྲོས་ཁང་བར་དུ་བརྗེ་རེས་ཟབ་མོ་བྱས་ཏེ། གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཁྲིམས་འཛུགས་ལྟ་སྐུལ་དང་། རྒྱལ་སྐྱོང་སྲིད་འཛིན། རྒྱལ་ཇུས་དམངས་ཚིས་སོགས་གྲོས་གཞི་གལ་ཆེན་ཐད་ནས་ཕུན་ཚུན་ལ་སློབ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་ཀྱི་སྦས་ཤུགས་འདོན་པ་དང་། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སྒྱུར་ཆད་མེད་བྱས་ཏེ། ཕ་རོལ་བའི་དངུལ་གཏོང་ཁེ་ལས་དང་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཐུན་མོང་གི་ཁ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ནི་བབ་བསྟུན་མདུན་སྐྱོད་ཀྱི་བགྲོད་ལམ་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞིས་མཉམ་དུ་བདམས་པའི་བགྲོད་ལམ་ཞིག་ཡིན། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་དུ་བསྐྱེད་པ། རིམ་པ་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་ལག་བསྟར་བྱེད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་བསྐྲུན་རྒྱ་ཡིན་ལ། དེས་ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བསྐྲུན་ནས། ཀྲུང་གོ་དང་ཕུའུ་ཐའོ་ཡའི་མཉམ་ལས་ལ་གོ་སྐབས་གསར་པ་སྩོལ་ངེས་ཟེར།

ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཀྲུང་གོ་ནི་ཕུའུ་ཐའོ་ཡའི་ཉོ་འཚོང་གི་གྲོགས་པོ་གཙོ་བོ་ཡིན་ལ། ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕུའུ་ཐའོ་ཡས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ཡིད་ཆེས་དེ་མཉམ་ལས་གྲུབ་འབྲས་སུ་བསྒྱུར་ནས། ཕྱོགས་གཉིས་ཀྱི་འབྱོར་འཚོང་དང་མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཕུའུ་ཐའོ་ཡས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕུའུ་ཐའོ་ཡའི་གྲོས་ཁང་གིས་ཕུའུ་ཐའོ་ཡ་དང་ཀྲུང་གོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། མཛའ་བརྩེ་སྲ་བརྟན་དུ་བཏང་ནས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་དུ་ཕན་འབྲས་ལྡན་པའི་གྲོས་མོལ་དང་བརྗེ་རེས་བྱེད་འདོད་ཡོད་ཟེར།

གྲོས་མོལ་གྱི་སྔོན་ལ། ལོ་ཏི་ལི་ཀི་སི་ཡིས་གྲོས་ཁང་ཐོག་ཁང་གི་མདུན་ནས་ཞི་ཅིན་ཕིང་གི་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།