ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཁྲིད་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལ་དྲན་རྟེན་གནང་བའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཁྲིད་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལ་དྲན་རྟེན་གནང་བའི་མཛད་སྒོར་ཞུགས།

དྲན་རྟེན་གནང་བའི་མཛད་སྒོའི་སྟེང་ཝང་དབྱང་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལུའུ་ཞིན་ཧྲིག་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛེས་པའི་ཀོང་ཞི་འཛུགས་སྐྲུན་བྱས་ཏེ་བསྐྱར་དར་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་ཕྱག་བྲིས་གནང་བའི་སྒོ་བྱང་སྟེང་གི་ཡོལ་རས་བླངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུབ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུན་ཁྲུན་ལན་གྱིས་ཤིས་ཚིག་ཕུལ་ཏེ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞིའི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་གནང་བཞིན་ཡོད་པ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཕྱག་བྲིས་གནང་བ་དེ་ལས་ཀོང་ཞིའི་མི་རིགས་འཆམ་མཐུན་ཡོང་བ་དང་མི་དམངས་བདེ་སྐྱིད་ལྡན་པར་སྨོན་འདུན་བཟང་བོ་ཞུས་པ་མཚོན་ཞིང་ཀོང་ཞི་འགོ་ཚུགས་ས་གསར་བར་ལངས་ཏེ་འོད་སྟོང་འབར་བའི་གྲུབ་འབྲས་གསར་སྐྲུན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་པར་མ་ཟད། རྒྱ་ཆེའི་ཀོང་ཞིའི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་གསར་གཏོད་བརྩོན་ལེན་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསླེབ་པར་བྱེད་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་བ་མཚོན་ཡོད་ཟེར།

ཀྲུང་དབྱང་འཐུས་ཚབ་ཚོགས་པས་གནང་བའི་དྲན་རྟེན་ལ་སྡོམ་པས་བཅུ་ཡོད་པ་དང་དེ་ལས་ཀྲུང་དབྱང་གིས་ཀོང་ཞི་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཀོང་ཞི་ལ་བརྩེ་སེམས་ཟབ་མོ་བཅངས་པ་མཚོན་ཡོད་པར་མ་ཟད་ཀོང་ཞིའི་ས་གནས་ཀྱི་ཁྱད་ཆོས་དང་དམངས་སྲོལ་རིག་གནས་མངོན་པར་བྱས་ཡོད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པད་མ་འཕྲིན་ལས་ཀྱིས་དྲན་རྟེན་གྱི་གསལ་ཁྲ་བསྒྲགས་འདོན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།