ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་སྤེལ་ཏེ་ལོ་འཁོར་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འགྲོ་མིའི་ཐོབ་ཐང་གི་བསྒྲགས་གཏམ་སྤེལ་ནས་ལོ་འཁོར་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། འཛམ་གླིང་འགྲོ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་ཡིག་ཚགས་ཡིན་པ་དང་། འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འཕེལ་རྒྱས་ཐད་ཤན་ཤུགས་ཟབ་མོ་ཐེབས་ཡོད། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་གཞག དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་རྒྱུན་འཁྱོངས་བྱེད་པ་དང་། མིའི་ལ་རྒྱ་དང་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། སྔར་ལས་དྲང་གཞག་དང་ལུགས་མཐུན། དཀྱེལ་ཡངས་ཀྱི་འཛམ་གླིང་འགྲོ་མིའི་ཐོབ་ཐང་གི་བཅོས་སྐྱོང་ཆགས་པར་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་མཉམ་དུ་བསྐྲུན་ནས། འཛམ་གླིང་ལ་མཛེས་སྡུག་གི་མ་འོངས་པ་བསྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་ཆེས་ཆེ་བའི་འགྲོ་མིའི་ཐོབ་ཐང་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་མི་དམངས་ཀྱི་འཕེལ་རྒྱས་བསྙེག་རྒྱུ་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བཟུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ཙམ་འགོར་བ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་འགོར་བའི་རིང་ལ། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་འགྱུར་བ་ནས་སྟོབས་ཅན་དུ་འགྱུར་བའི་རླབས་ཆེན་མཆོང་སྐྱོད་བསུས་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་མཐར་གཏུགས་ནས་བཤད་ན་ཀྲུང་གོ་མི་དམངས་དུང་ཕྱུར་འགའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་སོང་བ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གོང་དུ་འཕེལ་བཞིན་པ་ཇི་བཞིན་འགྲོ་མིའི་ཐོབ་ཐང་ཡང་གོང་དུ་འཕེལ་བཞིན་ཡོད། ཀྲུང་གོས་འགྲོ་མིའི་ཐོབ་ཐང་གི་ཀུན་ཁྱབ་རྩ་དོན་དང་དེང་རབས་དོན་དངོས་གཉིས་ཟུང་སྦྲེལ་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་མིའི་ཐོབ་ཐང་གི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འགྲོ་མིའི་ཐོབ་ཐང་གི་འདུ་ཤེས་ལགབ་སྟར་བྱས་ཏེ། འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་དེ་གཞི་རྩའི་འགྲོ་མིའི་ཐོབ་ཐང་གཙོ་བོར་བརྩི་བ། མི་དམངས་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཀྱི་ཁེ་དབང་མཐུན་སྦྱོར་སྒོས་ཆེ་རུ་བཏང་ནས། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ཡོང་བར་ཧུར་ཐག་གིས་འབད་བརྩོན་བྱེད་དགོས་པ་དང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་རང་རྒྱལ་གྱི་འགྲོ་མིའི་ཐོབ་ཐང་ཞིབ་འཇུག་གི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་བབ་བསྟུན་མདུན་སྐྱོད་དང་བདེན་འཛིན་གསར་གཏོད་ཀྱིས་མིའི་རིགས་ཀྱི་ཤེས་རིག་སྣ་མང་རང་བཞིན་ཕུན་སུམ་ཚོགས་པར་གཏོང་བ་དང་འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་ལས་དོན་གོང་འཕེལ་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྒྲགས་འདོན་བྱས་པར་མ་ཟད་གཏམ་བཤད། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགྲོ་མིའི་ཐོབ་ཐང་ལྟ་བ་རྒྱས་བཤད་ཟབ་མོ་མཛད་ཡོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་པོ་བསྟན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་གོའི་འགྲོ་མིའི་ཐོབ་ཐང་གི་གཏམ་རྒྱུད་བཟང་པོར་བཤད་པ་དདང་། འགྲོ་མིའི་ཐོབ་ཐང་གཞུགས་ལུགས་ཀྱི་ཞིབ་འཇུག་ཟབ་སྤེལ་བྱེད་པ། འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཡར་སྐུལ་བྱས་ཏེ། འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་བྱ་བ་སྣ་ཚོགས་ཏན་ཏིག་གིས་སྒྲུབ་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།