ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཁོ་ལོམ་པི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ཀྲུང་ནན་ཧེ་ནས་ཁོ་ལོམ་པི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཐི་ལུའུ་ཞི་ལུའེ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་སྣེ་ཁྲིད་འོག ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་སྐྱོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་བདག་སྒོས་གདམ་བསེས་བྱས་པའི་བགྲོད་ལམ་དང་ལམ་ལུགས་ལ་བརྩི་མཐོང་བྱེད་ཀྱིན་ཡོད། ཀྲུང་གོས་ནང་སྲིད་དང་ཕྱི་འབྲེལ་སྲིད་ཇུས་ཀྱི་རྩ་བའི་དམིགས་འབེན་ནི་འཕེལ་རྒྱས་སུ་གཏོང་བ་བརྒྱུད་དེ་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་འདོད་སྐོང་རྒྱུ་དེ་ཡིན་ལ། ཕན་ཚུན་བརྩི་འཇོག་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་ལ་ཕན་འདོགས་རྒྱུ་ནི་རྒྱལ་ཁབ་སོ་སོའི་བར་མཉམ་ལས་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། ཀྲུང་གོས་མུ་མཐུད་དུ་ཞི་བདེ་ངང་འཕེལ་རྒྱས་སུ་གཏོང་བ་དང་མཉམ་ལས་གཉིས་རྒྱལ་གྱི་ཕྱི་འབྲེལ་འདུ་ཤེས་ལག་བསྟར་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཚེ་སྲོག་གི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཐི་ལུའུ་ཞི་ལུའེ་ཡིས་བསྟན་དོན། ཁོ་ལོམ་པི་ཡས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱི་དང་ས་གནས་གནད་དོན་མང་པོའི་སྟེང་གི་ལངས་ཕྱོགས་གཅིག་འདྲ་ཡིན། ཁོ་ལོམ་པི་ཡ་དང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ལས་དོན་ཁྲོད་ཀྱི་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།