ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཟླ་དང་པོའི་ཚེས་བཞི་ཉིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་རུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། དུས་རིམ་རྗེས་མའི་ནགས་ལས་དང་རྩྭ་ཐང་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧན་ཀྲིན་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་གི་ནགས་ལས་དང་རྩྭ་ཐང་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པ་དང་། སྨྱན་མང་གཟུགས་ཀྱི་འཁྲབ་སྟོན་ལ་ཟུང་འབྲེལ་བྱས་ནས། ཤར་བྱང་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གི་བརྙན་རིས་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བརྙན་རིས་བརྒྱུད་དེ་ལས་གནས་ན་ཡོད་པའི་ལས་བྱེད་པ་དང་བརྗེ་རེས་བྱས་པ་མ་ཟད། བྱ་བའི་ཅུའུ་དང་བྱ་བའི་ཁང་དུ་སྐོར་ཞིག་ཏུ་སོང་ནས། ལས་བྱེད་པར་འཚམས་འདྲི་བྱས་པ་དང་། ནགས་སྐྲུན་ལྗང་བསྒྱུར་དང་སྐྱེ་ཁམས་སྤྱི་ཕན་ནགས་སྲུང་སྐྱོབ་དང་དོ་དམ། རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ། སྐྱེ་ཁམས་སླར་གསོ། གསར་སྤེལ་བཀོལ་སྤྱོད་དང་ལྟ་སྐུལ་དོ་དམ་སོགས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་རྟོག་ཞིབ་མཛད།

ནགས་ལས་དང་རྩྭ་ཐང་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས། ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་འཛུགས་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་གལ་ཆེན་ཡིན་པ་དང་། ལས་ཁུངས་བཅོས་བསྒྱུར་བྱས་རྗེས་ནགས་ལས་དང་རྩྭ་ཐང་ལས་ཁུངས་ཀྱིས་སྣང་ཚུལ་གསར་བ་བསྐྲུན་པ་དང་གྲུབ་འབྲས་གསར་བ་ལེན་པ། བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ཕྲག་ཏུ་བླངས་ནས། སྟོབས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རང་བྱང་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱ་བ་བཟང་བོར་བསྒྲུབ་པ། ཕྱི་ཕྱོགས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་ཁྲོད། སྒྲིག་གཞི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་པ་དང་། ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་བའི་ཐད་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྡོང་འཛུགས་ནགས་བསྐྲུན་བྱེད་པ། རང་བྱུང་ནགས་ཚལ་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱས་ཏེ། རི་སྐྱེས་རི་དྭགས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནགས་ལས་དང་རྩྭ་ཐང་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཁྲིམས་ལྟར་སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་ཆེན་པོ་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་ནི་ནགས་ལས་དང་རྩྭ་ཐང་ལས་དོན་གྱི་རྒྱུ་ནོར་གྱི་རྩ་ཆེན་ཡིན་པས། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཕུགས་འདུན་ཡོད་པ་དང་བྱང་ཚད་བཟང་བ། དཀའ་སྤྱད་སྡུག་རུས་དང་གཏོང་ཕོད་ཀྱི་སྙིང་སྟོབས་ཡོད་པའི་ཆེད་ལས་ཀྱི་སྟོབས་ཤུགས་སྐྱེད་སྲིང་བྱས་ནས། ནགས་ལས་དང་རྩྭ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།