ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་མཐོ་རིམ་སློབ་གྲྭའི་གྲོང་གསེབ་དར་རྒྱས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་རིམ་སློབ་གྲྭས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་ཞབས་འདེགས་ཞུ་རྒྱུར་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རིག་ཞིབ་འཇུག སྤྱི་ཚོགས་ཞབས་འདེགས་སོགས་ཀྱི་ཐད་མཐོ་རིམ་སློབ་གྲྭའི་ནུས་པ་འདོན་སྤེལ་བྱེད་ཆེད། ཉིན་ཤས་གོང་སློབ་གསོ་པུས《མཐོ་རིམ་སློབ་གྲྭའི་གྲོང་གསེབ་དར་རྒྱས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི(2018ལོ་ནས་2022ལོ་བར)》ཁྱབ་བསྒྲགས་བྱས་པ་རེད།

བྱ་སྤྱོད་འཆར་གཞིའི་ནང་། ལོ་ལྔའི་རིང་འབད་བརྩོན་བྱས་ནས་མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་མ་ལག་བཀོད་པ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐོ་སློབ་ཀྱི་ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་མ་ལག་སྟོབས་ཆེར་གཏོང་བ། མཐོ་སློབ་ཀྱིས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་གསར་གཏོད་ཀྱི་འཇོན་ཐང་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱས་ནས་ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་བ། ཞིང་པར་གཅེས་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། མཐོ་སློབ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་མཁོ་སྤྲོད་ཀྱི་སྟོབས་ཤུགས་གལ་ཆེན་དང་། མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་གཅིག་སྡུད་ཀྱི་མཐོ་ས། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟ་བྱ་ཡུལ། སྲིད་ཇུས་བློ་འདྲི་ཞིབ་འཇུག་གི་ཇུས་འདོན་ཚོགས་པ་རྩེ་གྲ་བཅས་སུ་འགྱུར་བར་བྱེད་དགོས་པ་བཏོན་ཡོད།

《མཐོ་རིམ་སློབ་གྲྭའི་གྲོང་གསེབ་དར་རྒྱས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི(2018ལོ་ནས་2022ལོ་བར)》ནང་། མཐོ་སློབ་ཀྱིས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཆེན་པོ་བདུན་ལག་ལེན་བསྟར་དགོས་པ་བཏོན་ཡོད། དེའི་གྲས་སུ་ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་བྱ་སྤྱོད་དང་། ལག་རྩལ་གསར་གཏོད་ཀྱི་འགག་སྒྲོལ་བྱ་སྤྱོད། འཇོན་ཐང་ཆེ་རུ་གཏོང་བའི་བྱ་སྤྱོད། ཤེས་ལྡན་མི་སྣའི་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད། གྲུབ་འབྲས་ཁྱབ་གདལ་དང་གཞན་འགྱུར་གྱི་བྱ་སྤྱོད། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་བྱ་སྤྱོད། རྒྱལ་སྤྱིའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་བྱ་སྤྱོད་བཅས་ཚུད་ཡོད་པ་རེད།

བྱ་སྤྱོད་འཆར་གཞི་འདི་དོན་འཁྱོལ་བྱ་ཆེད། སློབ་གསོ་པུས་མཐོ་སློབ་ཁག་ཏུ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཞིབ་ཕྲའི་དོན་འཁྱོལ་བྱེད་ཐབས་ཞིབ་འཇུག་ཧུར་ཐག་བྱས་ནས་བཟོ་བ་དང་བྱ་སྤྱོད་ཀྱི་ཇུས་གཞི་ཞིབ་ཚགས་སུ་གཏོང་དགོས་པ་མ་ཟད། གྲོང་གསེབ་གསར་པའི་འཕེལ་རྒྱས་ཞིབ་འཇུག་ཁང་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མཐོ་སློབ་ཀྱིས་གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་རིང་གི་དེའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།