ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་ཁག་གིས་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པར་དྲོ་སྐྱིད་དང་བདེ་འཇགས་ལྡན་པའི་འགྲུལ་བཞུད་ཁོར་ཡུག་བཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ས་ཁུལ་ཁག་ཏུ་འགྲུལ་འབོར་མང་དུ་ཕྱིན་པས། སྡེ་ཚན་ཁག་གིས་དཔྱིད་གསར་སྐྱེལ་འདྲེན་གྱི་འགན་སྲུང་ལས་དོན་ཧུར་ཐག་བསྒྲུབས་ནས་རྒྱ་ཆེའི་འགྲུལ་པར་དྲོ་སྐྱིད་དང་བདེ་འཇགས་ལྡན་པའི་འགྲུལ་བཞུད་ཁོར་ཡུག་ཧུར་ཐག་བཏོད་ཡོད།

ཚེས30ཉིན། རྒྱལ་ཡོངས་ལྕགས་ལམ་ལ་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི1007སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་ལས1.8%འཕར་ཡོད། འགྲུལ་བཞུད་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་ཆེད། ཀྲུང་གོ་ལྕགས་ལམ་ཧྲེན་དབྱང་ཅུས་ཚོགས་པ་ཀུང་སིའི་ཧྲེན་དབྱང་འབབ་ཚུགས་བྱང་མས་མེ་འཁོར་སྒུག་ཁང་དུ་འགྲུལ་པར་དཔྱིད་གསར་གྱི་སྨོན་ཚིག་སྤྲད་པ་དང་། པེ་ཅིང་ཅུས་ཚོགས་པ་ཀུང་སིའི་པེ་ཅིང་འབབ་ཚུགས་ནུབ་མས“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤྱོད་མིག50མང་དུ་བཏང་བ་མ་ཟད། ལག་པ་འཁྲུ་བྱེད་ཀྱི་ཆུ་དྲོད་འཇམ་དང་། དྲོད་སྙོམས་རླུང་གསར་མ་ལག གསང་སྤྱོད་བེད་སྤྱོད་གཏོང་ཚུལ་མངོན་པའི་བརྙན་ཤེལ་སོགས་བསྒར་ནས་འགྲུལ་པར་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་པ་རེད། ཝུའུ་ཧན་ཅུས་ཚོགས་པ་ཀུང་སིས་གཙོ་གནད་མེ་འཁོར་འབབ་ཚུགས་ཆེ་གྲས་ཁག་ཏུ་རྒྱུན་མཁོའི་སྨན་རྫས་གྲ་སྒྲིག་བྱས་ནས་འགྲུལ་པའི་སྐབས་འཕྲལ་གྱི་དགོས་མཁོ་སྐོང་བ་རེད།

དཔྱིད་གསར་སྐྱེལ་འདྲེན་རིང་གློག་བརྟན་པོ་དང་བདེ་འཇགས་ལྡན་པ་ཡོང་ཆེད། རྒྱལ་ཁབ་གློག་དྲ་ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་གློག་འདོན་ཀུང་སིས་ཡུལ་དེའི་མེ་འཁོར་འབབ་ཚུགས་དང་། ཐག་རིང་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས། སྣུམ་སྣོན་ས་ཚིགས་སོགས་འགྲིམ་འགྲུལ་སྒྲིག་བཀོད་གལ་ཆེན་དང་འབྲེལ་བ་ཡོད་པའི་ལམ་རྒྱུད་དུ་ལེབ་བཤེར་སྐོར་ཞིབ་བྱས་ནས། སྒྲིག་བཀོད་ཚ་པོ་ཆག་པ་དང་ཐེག་ཚད་ལས་བརྒལ་བ་སོགས་ཀྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཡོད། དཔྱིད་གསར་སྐྱེལ་འདྲེན་རིང་གློག་སྒུལ་སྦག་སྦག་གི་འགྲོ་སྐྱོད་མང་བའི་གནས་ཚུལ་ལ་དམིགས་ནས་རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཡུས་ཧོན་གྲོང་ཁྱེར་གློག་འདོན་ཀུང་སིས་ཡུལ་དེའི་གློག་སྡོང་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ་སྤྱི་དམངས་ཀྱི“ལྗང་མདོག་འགྲོ་སྐྱོད”ལ་སྟབས་བདེ་བསྐྲུན་པ་རེད།

འགྲུལ་པའི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད་དང་ལྷག་པར་དུ་ཕ་མས་ཕྲུ་གུའི་འགྲམ་དུ་ལོ་གསར་གཏོང་བར་འགྲོ་བའི་དགོས་མཁོ་སྐོང་ཆེད། དཔྱིད་གསར་སྐྱེལ་འདྲེན་རིང་ཧའེ་ནན་མཁའ་འགྲུལ་གྱིས་ཧྲེན་ཀྲེན་དུ་གནམ་གྲུ་ཐེངས470ཙམ་མང་དུ་བཏང་བ་མ་ཟད། ཤོང་ཚད་ཆེ་བའི་གནམ་གྲུ་སྤྱད་དེ་ཧྲེན་ཀྲེན་ནས་པེ་ཅིང་དང་། ཤིས་ཨན། ཧང་ཀྲོའུ། ཀྲེང་ཀྲོའུ་སོགས་སུ་འཕུར་དུ་བཅུག་སྟེ་འགྲུལ་པ་དེ་བས་མང་བ་ཧྲེན་ཀྲེན་ནས་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།