ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཞི་ཅིན་ཕིང་དང་སུའུ་ཏན་གྱི་ཙུང་ཐུང་གིས་ཀྲུང་གོ་དང་སུའུ་ཏན་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའུ་ཏན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཞེ་ཨར་གྱིས་ཟླ་གཉིས་པའི་ཚེས་བཞིའི་ཉིན་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། སུའུ་ཏན་ནི་ཆེས་ཐོག་མར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཅིག་ཡིན་པ་དང་། འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་ཞིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཉིས་སྟོང་བཅོ་ལྔ་ལོར་ཀྲུང་གོ་དང་སུའུ་ཏན་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས། ང་རང་དོན་དེར་ཧ་ཅང་ཡིད་ཚིམས་ཡོད་ལ། ཀྲུང་གོ་དང་སུའུ་ཏན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད། སུའུ་ཏན་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བ་གོ་སྐབས་སུ་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྒྲོམ་གཞིའི་ནང་མཉམ་ལས་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབ་བྱས་ནས། ཀྲུང་གོ་དང་སུའུ་ཏན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

པཱ་ཞེ་ཨར་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། སུའུ་ཏན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བ་ནི་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་དོན་ཆེན་ཞིག་ཡིན་པ་དང་། ལོ་ངོ་དྲུག་ཅུའི་རིང་ལ། སུའུ་ཏན་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱབ་ཁོངས་སོ་སོར་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སུའུ་ཏན་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དང་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་དང་དུ་བླངས་ཏེ། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཧུར་ཐག་སྒོས་ཞུགས་ནས་སུའུ་ཏན་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།