​ལིས་ཁི་ཆང་གིས་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་གཞི་བསྒྲུབས་པའི་བྱ་བའི་ཡར་ཞུར་ཉན་ནས། སྲིད་གཞུང་གི་སྲིད་འཛིན་ཆུ་ཚད་ཇེ་མཐོར་བཏང་བ་དང་། ད་ལོའི་དབུལ་ཐར་མཁྲེགས་གཏོར་ལས་འགན་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གི་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་ལ། ཨེ་ཙིའི་ནད་ལ་སྔ་མོ་ནས་བརྟག་བཤེར་སྨན་བཅོས་བྱེད་པ་དང་སྨན་བཀོལ་བར་འགན་སྲུང་བྱེད་པའི་བྱེད་ཐབས་བཀོད་སྒྲིག་བྱས་ཏེ། མཐོང་དཀོན་པའི་ནད་རིགས་ཀྱི་སྨན་རྫས་ལ་འཕར་སྣོན་དཔྱ་ཁྲལ་ཐད་ནས་གཟིགས་སྐྱོང་གནང་རྒྱུའི་ཐག་བཅད་པ་དང་། ཚོང་ལས་དངུལ་ཁང་གིས་ཐབས་ལམ་མང་པོ་ནས་མ་དངུལ་ཁ་སྣོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དངུལ་རྩ་ཡིས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་ཉེན་ཁ་འགོག་པའི་ནུས་པ་ཇེ་ཆེར་གཏོང་རྒྱུའི་ཐག་བཅད།

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་བསམ་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་པ་ནི། སྲིད་གཞུང་གིས་འགན་ནུས་ལག་བསྟར་བྱེད་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ནང་དོན་གལ་ཆེན་ཡིན། ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དག་གིས་སྣེ་ཁྲིད་ནས་བསམ་འཆར་དྲུག་སྟོང་སུམ་བརྒྱ་བཅུ་དགུ་དང་གྲོས་གཞི་སུམ་སྟོང་བརྒྱད་བརྒྱ་རེ་གསུམ་བསྒྲུབས་པ་དེས། སོ་སོར་སྤྱི་གྲངས་ཀྱི་བརྒྱ་ཆའི་གྱ་བརྒྱད་ལྷག་དང་བརྒྱ་ཆའི་གྱ་བདུན་ཟིན་ལ། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཆིག་སྟོང་བཞི་བརྒྱ་འདོན་པར་སྐུལ་འདེད་བཏང་ནས། བཅོས་སྒྱུར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་ཡར་སྐུལ་བྱས་ཡོད། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བསྡུ་ལ་ཉེ་བས། བསམ་འཆར་དང་གྲོས་གཞི་སྒྲུབ་པར་མུ་མཐུད་དུ་ཧ་ཅང་མཐོང་ཆེན་བྱེད་པ་དང་། བྱེད་ཐབས་གསར་གཏོད་བྱེད་པ། སྤུས་ཚད་ཇེ་མཐོར་གཏོང་བ། བསམ་འཆར་དང་གྲོས་གཞི་ལ་ཞིབ་འཇུག་དང་བསྡུ་ལེན་ནན་མོ་བྱེད་པ། ཚན་རིག་དམངས་གཙོའི་ཇུས་ཆོད་ལ་ཡར་སྐུལ་བྱེད་པ་བཅས་བྱས་ནས། མི་དམངས་ལ་སྔར་ལས་བཟང་པོར་དོན་དངོས་སྒྲུབ་དགོས།

གྲོས་ཚོགས་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཕེལ་རིམ་ཡར་ཞུ་ལ་ཉན། གྲོས་ཚོགས་ནས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དབུལ་ཐར་མཁྲེགས་གཏོར་ཏན་ཏིག་གིས་སྤེལ་བས། ན་ནིང་མི་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་དྲུག་དབུལ་ཕོངས་ལས་ཐར་ཡོད། ད་ལོར་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་མཁྲེགས་གཏོར་ལ་སྔར་ལས་ཤུགས་ཆེན་པོ་བསྣན་ནས། གསར་དུ་བསྣན་པའི་ཀྲུང་དབྱང་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་གཙོ་བོར་ས་ཆ་དེ་དག་ལ་བཀོལ་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་བཀོད་དབུལ་ཕོངས་ས་ཁུལ་དེ་དག་གི་ཞན་ཆ་གསབ་པའི་ལས་གཞིའི་ཐད་དམིགས་བསལ་གྱིས་བཀོད་སྒྲིག་བྱས་ཏེ། དབུལ་སྐྱོར་རོགས་ལས་དང་གནས་འཁེལ་དབུལ་སྐྱོར་ལ་ཤུགས་སྣོན་པ་དང་། ད་ལྟའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། དབུལ་སྐྱོར་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། དབུལ་ཕོངས་མི་གྲངས་ལ་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་ཐད་ནས་གནས་པའི་གནད་དོན་ཐག་གཅོད་བྱེད་དགོས། མཁྲེགས་གཏོར་དུས་ཡུན་གྱི་ནང་དུ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་དང་དབུལ་ཐར་མི་གྲངས་ཀྱིས་མུ་མཐུད་དུ་དབུལ་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་པ་དང་། ཡང་བསྐྱར་དབུལ་པོར་གྱུར་པ་ལ་དུས་ལྟར་ཚགས་འཛུགས་བྱང་སྒྲིག་བྱས་ཏེ་རོགས་རམ་བྱས་ནས། ད་ལོའི་ཡང་བསྐྱར་དབུལ་པོ་བྱེ་བ་གཅིག་གི་ཡན་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ཨེ་ཙིའི་ནད་དང་མཐོང་དཀོན་པའི་ནད་རིགས་སོགས་ནད་རིགས་ལྕི་མོའི་འགོག་བཅོས་ལ་ཤུགས་སྣོན་པ་ནི་མང་ཚོགས་དུང་ཕྱུར་མང་པོའི་བདེ་སྡུག་དང་འབྲེལ་ཡོད་པས། གཅིག་ནས་ཨེ་ཙིའི་ནད་བརྟག་སྨན་བཅོས་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་དགོས། སྔོན་འགོག་གཙོ་བོར་བཟུང་སྟེ། ཨེ་ཙིའི་ནད་ལ་སྔ་མོ་ནས་བརྟག་བཤེར་དང་སྨན་བཅོས་བྱས་ཏེ་ནད་པ་ཚེ་ལས་འདས་ཚད་ཇེ་ཉུང་དུ་གཏོང་དགོས། ཚན་རྩལ་འགག་སྒྲོལ་ལ་ཤུགས་བསྣན་ནས། སྐྲན་ནད་བརྟག་བཅོས་གྱི་ལག་རྩལ་གསར་པའི་ནད་ཐོག་ཞིབ་འཇུག་དང་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱེད་དགོས། མཉམ་འབྲེལ་དྲ་བའི་ཁར་སྨན་ཁང་སྣོན་པའི་བྱེད་ཐབས་འཕེལ་རྒྱས་སུ་བཏང་ནས། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་བརྟག་བཅོས་ནུས་པ་ཇེ་ཆེར་གཏོང་དགོས། གཉིས་ནས་མངའ་ཁོངས་ཕྱི་ནང་གི་ཨེ་ཙིའི་ནད་ཀྱི་སྨན་རྫས་གསར་པའི་ཐོ་འགོད་ཞིབ་མཆན་ཇེ་མྱུར་དུ་བཏང་ནས། ནད་པའི་དགོས་མཁོ་བསྐོང་དགོས། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཉེར་མཁོའི་ཕྱི་རྒྱལ་གྱི་སྨན་རྫས་གསར་པ་གདམ་གསེས་བྱེད་པ་དང་། དེ་ནང་འདྲེན་གྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཕྱི་རྒྱལ་གྱི་སྨན་རྫས་གསར་པ་རྒྱལ་ནང་ནས་དུས་གཅིག་ཏུ་ཁྲོམ་རར་འདྲེན་པར་ཡར་སྐུལ་བྱེད་དགོས། ནད་ཐོག་ཉེར་མཁོའི་ཨེ་ཙིའི་ནད་ཀྱི་སྨན་རྫས་གནས་སྐབས་ནང་འདྲེན་གྱི་བགྲོད་ལམ་གེགས་མེད་ཡོང་བར་བྱེད་དགོས། ཨེ་ཙིའི་ནད་ཀྱི་སྨན་རྫས་རིན་གོང་ཇེ་དམའ་རུ་གཏོང་བ་དང་ཨེ་ཙིའི་ནད་པར་སྨན་བཅོས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་དངོས་འབེབས་བྱས་ཏེ། དོ་དམ་བྱེད་ཐབས་ལ་བཟོ་བཅོས་བྱེད་པ་དང་། སྨན་བཅོས་འགན་སྲུང་གི་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། སྲོག་སྐྱོབ་ཉེན་སྐྱོབ་ཀྱི་ཨེ་ཙིའི་ནད་ཀྱི་སྨན་རྫས་སོགས་སྨན་རྫས་སྔར་ལས་མང་པོ་སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་སྟེ། སྨན་རྫས་བཀོལ་དཀའ་བ་དང་སྨན་རྫས་ཀྱི་རིན་གོང་མཐོ་བའི་གནད་དོན་ཞི་འཇགས་སུ་གཏོང་དགོས། གསུམ་ནས་མཐོང་དཀོན་པའི་ནད་ཕོག་པའི་ནད་པ་བྱེ་བ་གཉིས་ལྷག་གི་སྨན་རྫས་ལ་འགན་སྲུང་བྱེད་དགོས། ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་སྐོར་ཐེངས་དང་པོའི་མཐོང་དཀོན་པའི་ནད་ཀྱི་སྨན་རྫས་སྣ་ཉེར་གཅིག་དང་མ་བཅོས་སྨན་རྫས་བཞི་ལ་ཨེ་ཙིའི་ནད་ཀྱི་སྨན་རྫས་ལ་དཔེ་བལྟས་ཏེ་ནང་འདྲེན་གོ་རིམ་ཁྲོད་དུ་འཕར་སྣོན་དཔྱ་ཁྲལ་བརྒྱད་ཆའི་གསུམ་ཇེ་དམའ་རུ་གཏོང་རྒྱུ་རེད།

གྲོས་ཚོགས་ནས་ཚོང་ལས་དངུལ་ཁང་གིས་ཐབས་ལམ་མང་པོ་ནས་མ་དངུལ་ཁ་སྣོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དངུལ་ལོར་སྲིད་ཇུས་ཀྱི་ཁྲིད་སྟོན་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཡོངས་ཁྱབ་ཏུ་མ་དངུལ་གཏོང་བའི་གནས་ཚུལ་བསྒྱུར་ནས། དམངས་གཉེར་དང་ཁེ་ལས་ཆུང་བ་སོགས་ལ་དངུལ་རྩའི་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་རྒྱུའི་ཐག་བཅད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།