ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཅི་པོའུ་ཐི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ནས་ཅི་པོའུ་ཐི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཡོའུ་སུའུ་ཧྥུའུ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཅི་པོའུ་ཐི་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་རྒྱུན་རིང་ཞིང་འབྲེལ་བ་བདེ་ཐང་དང་གཏན་འཇགས་ཡིན་ལ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་ནམ་ཡང་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ནི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་ཚོགས་འདུའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་དེ་གོ་སྐབས་སུ་བརྩིས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བགྲོད་ལམ་དུ་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ། བཅོས་བསྒྱུར་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་ཁ་སྐོང་དགོས། ཀྲུང་གོས་ཅི་པོའུ་ཐི་བར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཡོའུ་སུའུ་ཧྥུའུ་ཡིས་བསྟན་དོན། ཅི་པོའུ་ཐི་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་ལ། ཀྲུང་གོ་ཕྱོགས་ཀྱི་དུས་ཡུན་རིང་བོའི་མཛའ་བརྩེ་རོགས་སྐྱོར་ལ་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་དང་སྲིད་འཛིན་ཏང་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་ལ་དཔེ་བལྟ་བྱེད་པ་དང་སློབ་སྦྱོང་བྱས་ནས། ཅི་པོའུ་ཐི་དང་ཀྲུང་གོའི་མཉམ་ལས་ཀྱི་དུས་སྐབས་གསར་བ་བསྐྲུན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།