ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱང་བསྟན་བརྙན་རིས་གྲོས་སྡུར་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190221101433fNb.jpg

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱང་བསྟན་བརྙན་རིས་གྲོས་སྡུར་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉི་ཤུ་ཉིན་རྒྱང་བསྟན་བརྙན་རིས་གྲོས་སྡུར་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། མཉམ་འབྲེལ་དྲ་རྒྱར་རྒྱབ་རྟེན་ནས་བརྙན་རིས་བརྒྱུད་དེ་སྲིད་གྲོས་བྱ་བར་གྲོས་སྡུར་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་ལས་བྱེད་པས་དྲ་རྒྱ་སློབ་སྦྱོང་དང་དྲ་རྒྱར་རྒྱུས་ལོན་བྱེད་པ། དྲ་རྒྱ་བཀོལ་སྤྱོད་བྱེད་དགོས་པའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན་ལ། སྲིད་གྲོས་ཨུ་ཡོན་རྩ་འཛུགས་དང་སྐུལ་སློང་བྱས་ནས་མཉམ་དུ་སྲིད་གྲོས་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་དང་། སྲིད་གྲོས་ཀྱི་གྲོས་མོལ་བྱེད་སྟངས་ལ་གསར་གཏོད་བྱེད་པ་དང་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་ཕན་ཡོད་ལག་ལེན་ཡིན། ཉམས་མྱོང་ལ་སྤྱི་སྡོམ་བྱེད་པ་དང་། ལམ་ལུགས་རྐྱེན་སྲོལ་གྲུབ་པར་བྱེད་པ། ཨུ་ཡོན་ཟབ་ཞུགས་བྱེད་ཚད་ཇེ་མང་དུ་བཏང་སྟེ། རྒྱང་བསྟན་བརྙན་རིས་གྲོས་སྡུར་དེ་ཨུ་ཡོན་གྱི་བློ་གྲོས་གཅིག་ཏུ་བསྡུ་བའི་བྱེད་ཐབས་གལ་ཆེན་དང་ཨུ་ཡོན་གྱི་འགན་སྒྲུབ་རྣམ་པར་གསར་གཏོད་བྱེད་པའི་འཚོལ་ཞིབ་གལ་ཆེན། ཨུ་ཡོན་གྱི་འགན་སྒྲུབ་འདུ་ཤེས་དང་ཆུ་ཚད་མཚོན་པའི་བྱེད་ཐབས་གལ་ཆེན་དུ་འགྱུར་བར་བྱེད་པ་དང་། རྒྱ་ཆེའི་ཨུ་ཡོན་ཚོའི་འགན་ནུས་བསྒྲུབ་པའི་བརྩོན་སེམས་དང་གསར་སྐྲུན་རང་བཞིན་ཆེར་སྐྱེད་དེ། ཨུ་ཡོན་གྱིས་ནམ་ཡང་བློ་གྲོས་འབུལ་བ་དང་འབྲེལ་འདྲིས་ཀྱི་རྒྱུན་ཐག་ནམ་ཡང་མི་ཆད་པར་བྱེད་དགོས་ཟེར།

ཨུ་ཡོན་སོ་དྲུག་གིས་བརྙན་རིས་བརྒྱུད་དེ་བསམ་འཆར་བཏོན་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་སྲིད་གྲོས་ཀྲུའུ་ཞི་དྲུག་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དྲུག་གིས་ཁ་པར་གྱི་སྐུད་ལམ་བརྒྱུད་དེ་གཏམ་བཤད། ཨུ་ཡོན་ལྔ་བརྒྱ་ཙམ་གྱིས་སྤོ་སྒུལ་འགན་སྒྲུབ་སྟེགས་བུ་བརྒྱུད་དེ་བསམ་འཆར་བཏོན། ཨུ་ཡོན་ཚོས། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དེ་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བྱེད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་གཏན་འབེབས་བྱས་ཟིན་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པ། གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད། བརྟག་བཤེར་ཞིབ་འཇུག སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་སོགས་རྒྱུན་ལྡན་རང་བཞིན་གྱི་བྱ་བར་ལེགས་བསྒྱུར་བྱེད་པ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་སྡེ་ཆེན་པོ་གཉིས་ཀྱི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། ས་གནས་སྲིད་གྲོས་བྱ་བའི་འབྲེལ་འདྲིས་དང་མཛུབ་སྟོན་ལ་ཤུགས་བསྣན་ནས། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་རྒྱུ་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་བསམ་འཆར་བཏོན། གྲོས་སྡུར་ཁྲོད། ཨུ་ཡོན་ཚོས་ད་དུང་དཔལ་འབྱོར་གནས་བབ་ལ་དོ་སྣང་བྱེད་པ་དང་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ཁུལ་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་ལས་དོན་སྤེལ་བ། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པ་སོགས་ཕྱོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣས་ལན་བཏབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།