ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་པད་རྒྱལ་བཀྲ་ཤིས་དང་མིན་ཧེ། བཀྲ་ཤིས་རྡོ་རྗེ། པི་ཧྲིན་ཀྲུང་བཅས་ཀྱིས་མཚོ་སྔོན་གྱི་ཡུལ་སྐོར་རྒྱལ་སྤྱིའི་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས་པའི་བསམ་འཆར་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་པད་རྒྱལ་བཀྲ་ཤིས་དང་མིན་ཧེ། བཀྲ་ཤིས་རྡོ་རྗེ། པི་ཧྲིན་ཀྲུང་བཅས་ཀྱིས་ཡུལ་སྐོར་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་བྱ་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཡུལ་སྐོར་རྒྱལ་སྤྱིའི་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས་པའི་བསམ་འཆར་བཏོན།

བསམ་འཆར་ནང་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཀྱི་ཁ་ཕྱོགས་སུ་བཟུང་ནས། ས་བབ་དང་ཐོན་ཁུངས། མི་ཆོས་སྣང་ཚུལ་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་རྣམ་གྲངས་གཙོ་བོ་དག་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་མཉམ་དུ་མཉམ་ལས་བྱ་བར་ཤུགས་སྣོན་བརྒྱབ་ནས་ཧུར་ཐག་གིས་དར་གོས་ཚོང་ལམ་སྟེང་གི་གལ་ཆེན་རང་བཞིན་ཇེ་མཐོར་བཏང་། “རབ་མཛེས་མཚོ་སྔོན”གྱི་མཚན་སྙན་མུ་མཐུད་དུ་ཇེ་ཆེར་སོང་བ་དང་བསྟུན་ནས། ཕྱི་གླིང་བ་མང་པོ་ཞིག་གིས་མཚོ་སྔོན་གྱི་ཡུལ་ཁམས་ལ་ཁྱད་མཚར་བའི་སྣང་བ་སྐྱེས་བཞིན་ཡོད། མིག་སྔར། རང་ཞིང་དུ་ད་དུང་རྫོང་ཁག16ཕྱི་ཕྱོགས་སུ་སྒོ་ཕྱེས་མེད་པས་ཕྱི་ཕྱོགས་ཀྱི་འགྲུལ་ཁུངས་ཚོང་རའི་གསར་སྤེལ་དང་རྒྱ་སྐྱེད་པར་ཤུགས་རྐྱེན་ཐེབས་ཡོད།

《དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་མཉམ་སྐྲུན་དང་དུས་རབས21པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་ཕུགས་འདུན་དང་བྱ་སྤྱོད》 ལས་གསལ་པོར་བསྟན་ཡོད་པ་ལྟར་ན། “ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་གྱི་གཞི་ཁྱོན་ཆེ་རུ་བཏོང་བ།  ཡུལ་སྐོར་ཁྱབ་གདལ་གཟའ་འཁོར་དང་དྲིལ་བསྒྲགས་ཟླ་བ་མཉམ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་དགོས། མཉམ་འབྲེལ་སྒོས་དར་གོས་ཚོང་ལམ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་ལམ་ཐིག་གཙོ་བོ་དང་ཐོན་རྫས་བསྐྲུན་ནས། རྒྱལ་ཁབ་ཁག་གི་ཡུལ་སྐོར་བའི་འཐུས་མཆན་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས”། མཚོ་སྔོན་ནི“རྒྱུད་གཅིག་ལམ་གཅིག” གི་དཔལ་འབྱོར་ཁུལ་གྱི་གྲོང་ཁྱེར་གནད་འགག་ཡིན་པའི་ཆ་ནས། གོ་སྐབས་འདི་དམ་འཛིན་བྱས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་དགོས་པ་དང་། ཡུལ་སྐོར་ཁྲོམ་ར་གསར་སྤེལ་བྱས་ཏེ། དར་གོས་ཚོང་ལམ་ཡུལ་སྐོར་ལམ་ཐིག་གཙོ་བོ་བསྐྲུན་ནས། རིམ་བཞིན་རྒྱལ་སྤྱི་དང་སྦྲེལ་བ་དང་། རྒྱལ་སྤྱི་བར་གྱི་ཡུལ་སྐོར་ཕན་ཚུན་འཚམས་འདྲི་བྱེད་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པས། རང་ཞིང་གི་ཡུལ་སྐོར་ལས་རིགས་ཐད་བྱས་རྗེས་ཆེན་པོ་འཇོག་པ་དང་ཆབས་ཅིག དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། མི་ཆོས་འབྲེལ་འདྲེས་ཀྱི་ཕྱོགས་ནས་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།

དེར་བརྟེན།  འཐུས་མི་བཞི་ཡིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ངོས་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་ཞིང་གི་ས་ཁོངས་སྒོ་འབྱེད་རྒྱ་བསྐྱེད་པར་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། ཡུལ་སྐོར་ཁེ་ལས་གྱིས་ཕྱི་རྒྱལ་གྱི་འགྲུལ་ཁུངས་ཁྲོམ་ར་རྒྱ་སྐྱེད་པར་སྟབས་བདེ་སྐྲུན་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཧུར་ཐག་སྒོས་ཞུགས་དགོས་པའི་བསམ་འཆར་བཏོན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།