ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ30ཡི་ནང་མང་ཚོགས་དབུལ་པོ་མི་ཐེངས་ཁྲི3000ལྷག་ཙམ་ལ་རོགས་རམ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་མི་འབོར་དབུལ་པོའི་དགོས་མཁོར་དམིགས་པ་དང་དབུལ་པོར་གྱུར་རྐྱེན་གཙོ་བོ་གཞིར་བཟུང་། སློབ་གསོ་དང་། བདེ་ཐང་། ཐོན་ལས། རྒུད་སྐྱོབ་སོགས་ཁྱབ་ཁོངས་ཀྱི་དབུལ་སྐྱོར་རྣམ་གྲངས་སྤེལ་ནས་བྱེད་ཐབས་གསར་གཏོད་ཀྱིས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས་ཤིང་། 2018ལོའི་ལོ་མཇུག་བར་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་དང་དངོས་ཟོག་སྒོར་དུང་ཕྱུར58.52གྲབས་གསོག་བྱས་པར་མི་འབོར་དབུལ་པོ་དང་གེགས་ཁུལ་མང་ཚོགས་མི་ཐེངས་ཁྲི3342.37ལ་ཕན་པ་ཐོབ་ཡོད་པ་རེད།

ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཐོན་ལས་དབུལ་སྐྱོར་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་དང་། ཡུལ་སྐོར་གྱི་དབུལ་སྐྱོར། འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་སོགས་རྣམ་གྲངས་སྤེལ་བ་རེད། དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་རྣམ་གྲངས་ཁྲོད་ཁུལ་གསུམ་དང་ཀྲོའུ་གསུམ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཙོ་གནད་དུ་དོན་འཁྱོལ་བྱས་ཏེ2015ལོར་ལག་བསྟར་བྱས་ཚུན་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི1167བཏང་ནས་ཞིང་དུད་ཁྲི1.6ལ་ཐད་ཀར་སྣེ་ཁྲིད་བྱས་པ་དང་། ཡུལ་སྐོར་གྱི་དབུལ་སྐྱོར་རྣམ་གྲངས་ཁྲོད“མཛེས་སྡུག་ལྡན་པའི་གྲོང་ཚོ་བརྒྱ”ཡི་རྣམ་གྲངས་ལ་བརྟེན་ནས་གྲོང་གསེབ་དབུལ་པོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྣམ་གྲངས་ཁུལ་དེ་སི་ཁྲོན་དང་། ཀུའེ་ཀྲོའུ། ཧོ་པེ་སོགས་ཞིང་ཆེན7གྱི་རྫོང18དང་གྲོང་ཚོ19དང་འབྲེལ་བ་ཡོད་པ་དང་མི་ཁྲི5.9ལ་ཕན་པ་ཐོབ་ཡོད། འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་རྣམ་གྲངས་ཀྱིས་ཡོང་འབབ་འབྲིང་དམའི་ཞིང་དུད་དང་། ཞིང་དུད་དབུལ་པོ། ཞིང་དུད་ཆུང་ངུ་བཅས་ལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། རིམ་རྩིས་བརྒྱབ་ན་འབོར་ཉུང་ཡིད་རྟོན་དངུལ་བུན་ཁག་ཁྲི250.12 བཏང་བར་ཁྱོན་སྒོར་དུང་ཕྱུར407.41ཟིན་ཡོད།

དེ་དང་ཆབས་ཅིག་དབུལ་སྐྱོར་ཆེན་པོ་རྒྱ་ཆེར་བཏང་སྟེ་དམངས་ཡོངས་ཀྱི་སྤྱི་ཕན་ལས་སྟེགས་བསྐྲུན་ཞིང་། དགེ་སྒྲུབ་སྤྱི་ཕན་རྐང་ཐང་མའི་མ་དངུལ་གྲབས་གསོག་བྱེད་སྒོ་དེ2014ལོར་སྤེལ་འགོ་བཙུགས་ཏེ་སྤྱི་ཚོགས་ཀྱི་སྤྱི་དམངས་སྐུལ་སློང་གིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་སྤྱི་ལེ50ནས100བར་གྱི་རྐང་ཐང་མར་བསྐྱོད་པའི་འགྲན་བསྡུར་བྱས་པ་མ་ཟད། མ་དངུལ་གྲབས་གསོག་ཀྱང་བྱས་ཏེ་དབུལ་སྐྱོར་དཀའ་སེལ་གྱི་འདུ་ཤེས་དྲིལ་བསྒྲགས་བྱས་ཡོད། 2018ལོའི་བར་བྱེད་སྒོ་དེ་ཁྲེང་ཏུའུ་དང་། ཀོང་ཀྲོའུ། པེ་ཅིང་། ནན་ཅིང་སོགས་སུ་ཐེངས12སྤེལ་ཞིང་། ཁྱོན་མི་ཐེངས་ཁྲི2.2ཀྱིས་གཅེས་སེམས་མཚོན་པའི་བྱ་སྤྱོད་སྤེལ་བ་དང་། མི་ཐེངས་ཁྲི38.6སྐུལ་སློང་བྱས་ཏེ་ཞལ་འདེབས་ཕུལ་བ། སྒོར་ཁྲི3266གྲབས་གསོག་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།