ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐད་གལ་ཆེའི་མཆན་བཀོད་འཛུབ་སྟོན་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2019-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྤྱི་ཚེས་༤ཉིན་པེ་ཅིང་དུ་སྐོང་ཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གལ་ཆེའི་མཆན་བཀོད་འཛུབ་སྟོན་གནང་ཡོད།

མཆན་བཀོད་འཛུབ་སྟོན་ནང་། དེང་རབས་ལས་རིགས་སློབ་གསོ་གོང་འཕེལ་གཏོང་བ་ནི། མི་ཤུགས་ཐོན་ཁུངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ལས་ཞུགས་བརྟན་དུ་དང་རྒྱ་ཆེར་གཏོང་བའི་དོན་དངོས་དགོས་འཁོ་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་འཛུབ་ཁྲིད་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། ད་ལོ་མི་ས་ཡ་གཅིག་བསྡུ་བའི་ལས་འགན་ལེགས་གྲུབ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཁྲོམ་རའི་དགོས་འཁོ་དང་ཀྲུང་གོས་བཟོས་པ་དང་། ཀྲུང་གོའི་ཞབས་ཞུ་རིམ་པ་མཐོ་འབྲིང་ཕྱོགས་སུ་སྐུལ་འདེད་གཏོང་བར་དམིགས་པ། ལས་རིགས་སློབ་གསོའི་ལམ་ལུགས་མ་ལག་སྔར་བས་སྒྱུར་བཅོས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ཁེ་ལས་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལས་རིགས་སློབ་གསོ་གཉེར་བ་དང་དར་རྒྱས་གཏོང་རྒྱུར་སྐུལ་ལྕག་ཧུར་ཐག་བྱེད་པ། མངོན་གསལ་དོད་པའི་ཞན་ཆ་གསབ་པ། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཆུ་ཚད་མཐོ་བའི་ལས་རིགས་སློབ་གྲྭ་དང་གྲགས་ཅན་ཆེད་ལས་ཁག་གཅིག་གསོ་སྤེལ་བྱེད་པ་དང་གོང་འཕེལ་གཏོང་བ། རྒྱལ་ཁབ་གོང་འཕེལ་ཐད་དགོས་འཁོ་ཆེ་བའི་རིགས་ཁག་གི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཤེས་ལྡན་མི་སྣའི་དཔྱད་དཔོག་དང་སྐུལ་ལྕག་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུགས་བསམ་ལྡན་པའི་གཞོན་ནུ་དེ་བས་མང་བ་ལག་ཤེས་མཁས་པར་འཚར་ལོངས་ཡོང་བ་བྱེད་པ་དང་། སྤྱི་ཚོགས་ལ་རྒྱུ་ནོར་སྐྲུན་པའི་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་པ་དང་། དཔལ་འའབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་ཆེད་དེ་བས་ཡག་པའི་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་གནང་ཡོད་པ་རེད།    །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།