ཀྲུང་གོ་བོད་ཀྱི་དྲ་བ།

རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་ཕྱིན་པས་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་ཁུལ་གྱི་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པས་ཞིང་ལས་ཐོན་སྐྱེད་ཁུལ་གྱི་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་ཡོད། རྒྱལ་ཡོངས་སུ་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་ཕྱིན་པ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་སྤྱོད་ཚད70%ཟིན་པ་དང་། སོག་མ་ཕྱོགས་བསྡུས་སྤྱོད་ཚད83.7%ཟིན་པ། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་ཚུར་བསྡུ་ཚད60%ལྷག་ཙམ་ཟིན་ཡོད།

ཚེས3ཉིན། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་པེ་ཅིང་དུ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ནས《ཀྲུང་གོའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྙན་ཞུ2018》ཁྱབ་བསྒྲགས་བྱས་ཤིང་། དེ་ནི་རང་རྒྱལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱབ་ཤ་ལྗང་ཁུའི་དེབ་དང་པོ་དེ་རེད།

ཉེ་བའི་ལོ་ཤས་རིང་། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་བེད་སྤྱོད་གཏོང་བའི་བྱ་སྤྱོད་དང་། ཤིང་འབྲས་དང་། ཚལ། ཇ་བཅས་ཀྱི་སྐྱེ་ལྡན་ལུད་བརྒྱབ་ནས་རྫས་ལུད་ཀྱི་ཚབ་བྱེད་པའི་བྱ་སྤྱོད། བྱང་ཤར་ས་ཁུལ་གྱི་སོག་མ་བེད་སྤྱོད་བྱེད་པའི་བྱ་སྤྱོད། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་ཚུར་བསྡུའི་བྱ་སྤྱོད། འབྲི་ཆུ་གཙོ་བོར་བྱས་པའི་ཆུ་ཐོན་སྐྱེ་དངོས་སྲུང་སྐྱོང་གི་བྱ་སྤྱོད་སོགས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་སྤྱོད་ཆེན་པོ་ལྔ་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་ཁུལ(ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ)གསར་འཛུགས་བྱས་ཏེ་ཞིང་ལས་དང་། ཐོན་ཁུངས། ཁོར་ཡུག སྣོད་བཅུད་བཅས་ཀྱི་ལྟ་དཔྱད་སྔོན་བརྡའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཡོད།

སྙན་ཞུ་ལས་མངོན་གསལ། རང་རྒྱལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བར་མཐོངས་བཀོད་སྒྲིག་རྒྱུན་མཐུད་ལེགས་གཏོང་དང་། ཞིང་ལས་ཐོན་ཁུངས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ། ཐོན་སྐྱེད་ཁུལ་གྱི་ཁོར་ཡུག་རིམ་བཞིན་ལེགས་གཏོང་། སྣོད་བཅུད་མ་ལག་འཛུགས་རྒྱུར་སྐུལ་འདེད་བརྟན་པོ། སྡོད་མལ་ཁོར་ཡུག་རིམ་བཞིན་ལེགས་སུ་གཏོང་བ། བྱེད་ཐབས་འཚོལ་ཞིབ་ལ་ཐོག་མར་ཕན་འབྲས་ཐོན་པ་བཅས་ཁྱབ་ཁོངས་དྲུག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

ཞིང་ལས་ཐོན་ཁུངས་ཐད། རྒྱལ་ཡོངས་ཀྱི་རྨོ་ཞིང་སྤྱོད་ཚད་དམའ་རུ་ཤུགས་ཆེན་ཕྱིན་པ་དང་། ས་རྒྱུའི་ནང་སྐྱེ་ལྡན་དངོས་རྫས་འདུས་ཚད་ཆ་སྙོམས་སྤྱི་རྒྱ་རེར་ཁེ24.3འཕར་བ། ཞིང་ཆུ་ནུས་ལྡན་ངང་སྤྱོད་ཚད་བཏགས་གྲངས0.548བར་མཐོ་རུ་ཕྱིན་པ་དང་། སྡོད་མལ་ཁོར་ཡུག་ཐད། རྒྱལ་ཡོངས་སུ་འཚོ་བའི་གད་སྙིགས་གཅིག་སྡུད་གཙང་སེལ་བྱེད་པའམ་ཡང་ན་ཁག་གཅིག་གཅིག་སྡུད་གཙང་སེལ་བྱ་རྒྱུ་ལེགས་གྲུབ་བྱུང་བའི་གྲོང་ཚོ73.9%ཟིན་པ་དང་། འཚོ་བའི་བཙོག་ཆུ་གཅིག་སྡུད་གཙང་གསིང་ངམ་ཡང་ན་ཁག་གཅིག་གཅིག་སྡུད་གཙང་གསིང་ཐུབ་པའི་གྲོང་ཚོ17.4%ཟིན་པ། གཙང་སྦྲ་དོད་པའི་གསང་སྤྱོད་སྤྱོད་མཁན་ཞིང་དུད48.6%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།