ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་ཁག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཞི་པ་ཡིན་ཞིང་། ཉིན་དེར་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་། “རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་སློབ་ཚན་མཉམ་དུ་འཚོགས་པ”སྡེ་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་སོགས་ས་གནས་ཁག་གིས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་ཞིང་། དང་ལེན་བྱེད་བདེ་བའི་རྣམ་པའི་ཐོག་ནས་རིགས་མི་འདྲ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཡོད།

ཟླ4ཚེས15ཉིན་གྱི་ཞོགས་པ་སྔ་པོ་ནས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲི་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར12དང་། ཤང(གྲོང་རྡལ་དང་ཁྲོམ་གཞུང)176 གྲོང་ཚོ(སྡེ་ཁུལ་དང་ཞིང་ནགས་འབྲོག་ར)2837 ལས་ཁུངས་དང་ཚན་པ་ཁག་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྱོན་ཁྲི450ལྷག་ཙམ་དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་པའི་བརྗོད་དོན་གཙོ་བོའི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་གཏོང་དང་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱས་ནས་སྤྱི་ཚོགས་ཡོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད། “དེ་རིང་གི་རྒྱལ་དར་སྒྲེང་བའི་མཛད་སྒོར་དོན་སྙིང་ཧ་ཅང་ཆེན་པོ་འདུག གྲོང་སྡོད་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ཡོངས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་ཡག་པོ་ཞིག་ཐེབས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་འོས་འགན་ཞིག་ཡིན་པས་མི་ཚང་མ་དེའི་ནང་ཞུགས་པ་དང་མི་ཚང་མས་འགན་འཁུར་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཞི་ནས་སྲ་ཞིང་བརྟན་པའི་རྨང་གཞི་ཞིག་འདིང་ཐུབ།

“སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། ནུས་ཤུགས་ཡོད་རྒུས་ཉེན་ཁ་ཆེན་པོ་འགོག་ཟོན་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ་དགའ་བས་བསུ”ཞེས་པའི་བརྗོད་དོན་གཙོ་བོའི་ཕུའུ་ཅན་ཞིང་ཆེན་གྱི“4·15”ཡི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཚེས15ཉིན་ཕུའུ་ཀྲོའུ་རུ་འཚོགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཚོགས་ཞུགས་མི་སྣ300ཙམ་གྱིས་མཉམ་དུ《སྤྱི་ཡོངས་ཀྱི་བདེ་འཇགས། རྩ་བ་བརྟན་སྲུང་དང་རྒྱལ་ཁབ་བདེ་འཁོད》ཅེས་པའི་དྲིལ་བསྒྲགས་སློབ་གསོའི་ལེ་ཚན་བལྟས་པ་དང་། གཙོ་གནད་ཁྱབ་ཁོངས6གི་གྲུབ་འབྲས་འགྲེམས་སྟོན་ལ་བལྟས་ཡོད། ཚོགས་ཞུགས་མི་སྣས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་འབྲེལ་ཡོད་ཤེས་བྱ་གཅིག་སྡུད་ཐོག་དྲིལ་བསྒྲགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཡིད་ཆེས་དང་དད་སེམས་བརྟན་དུ་ཕྱིན་སོང་ཞེས་བརྗོད།

དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོ་འཆར་ཉེའི་མཚམས་སུ། རྒྱལ་ཁབ་སྒོ་དབྱེ་སློབ་ཆེན་གྱིས་སློབ་གཉེར་མ་ལག་ཐོག“དགེ་སློབ་ཁྲི་བརྒྱས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་ཚན་མཉམ་དུ་འཚོག”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བར་སློབ་མ་ཁྲི390ཙམ་ཞུགས་ཡོད། དེ་ནི་སློབ་གསོའི་ཁོངས་གཏོགས་ཀྱིས་ལས་ཐོག་ན་གཞོན་སློབ་མ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཁྱབ་ཁོངས་སུ་འཇུག་ཐེངས་དང་པོ་ཡིན་པ་རེད། སློབ་ཆེན་སྤྱི་ཁྱབ་པུའུ་ཡིས་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མའོ་ཤིན་ཅོན་གདན་དྲངས་ནས་དགེ་སློབ་ཚོར“རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་དུས་བབ་དང་ཁ་གཏད་འཇལ་ཐབས”ཀྱི་ཆེད་དོན་འཆད་ཁྲིད་གནང་བ་དང་། ཝུའུ་ཧན་ཡན་ལག་པུའུ་ཡི་སློབ་མས་སྡེ་ཁུལ་དུ་བསྐྱོད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དྲིལ་བསྒྲགས་ཁྱབ་གདལ་བཏང་བ་དང་ཀྲུང་ཧྲན་གྲུ་གཟིངས་ལ་ལྟ་སྐོར་བྱས་པ། ཅང་ཤིས་ཡན་ལག་པུའུ་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་དང་། རྩོམ་བསྡུའི་འགྲན་བསྡུར། ཡིག་གཟུགས་འགྲན་བསྡུར། པར་རྒྱག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ཡོད།

ཟླ4ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ30ལ་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་མི་དམངས་ཁྲིམས་ཁང་དུ་ཤིན་ཀུང་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ29ཡིས་ན་སོ་དར་ལ་མ་བབས་པའི་མི་སྣའི་འདྲི་གཅོད་ཁྲིམས་སའི་ལས་བྱེད་ཉེན་རྟོག་པ་མཱ་ཅིན་ཅིའི་སྣེ་ཁྲིད་འོག་ན་ཆུང་ཁྲིམས་རར་ལྟ་སྐོར་བྱས་པ་མ་ཟད་དེར་ཡོད་པའི་སློབ་ཆུང་སློབ་མ་ཚོར་གསོན་ཉམས་དོད་ལ་དོན་སྙིང་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཁྲིམས་ལུགས་ཁྱབ་གདལ་སྐོར་གྱི་སློབ་ཚན་ཁྲིད་ཡོད། བྱེད་སྒོའི་ནང་ཞུགས་མཁན་སློབ་མ་ཚོས་ཤེས་བྱ་མང་པོ་ཤེས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་རང་ཉིད་ཀྱིས་ངོས་འཛིན་བྱེད་རྒྱ་ཆེ་རུ་ཕྱིན་ཏེ་ཕྱོགས་ཡོངས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བར་དེ་བས་ཤེས་རྟོགས་ཆེན་པོ་བྱུང་ཡོད།

ཟླ4ཚེས15ཉིན་གྱི་སྔ་དྲོར། སྐབས་གཉིས་པའི“དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོའི”ཤང་ཀང་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་དཔོན་རིགས་དང་། ཁྲིམས་འཛུགས་ཚོགས་པའི་གྲོས་མིའི་འཐུས་མི། ཤང་ཀང་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཤང་ཀང་ཕྱོགས་ཀྱི་ཨུ་ཡོན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་གཞིའི་འཐུས་མི་དང་། ཀྲུང་གོའི་མ་འཇོག་ཁེ་ལས་དང་སྨྱན་སྦྱོར་ལས་རིགས་ཀྱི་འཐུས་མི། ཁྲིམས་འཛིན་དང་བཅའ་ཁྲིམས་ལས་རིགས་ཀྱི་མི་སྣ། གཞོན་ནུའི་འཐུས་མི། ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཤང་ཀང་ལས་རིགས་ཁག་གི་སྐུ་མགྲོན400ལྷག་ཙམ་ཞུགས་ཡོད། དེ་དང་དུས་མཚུངས། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་སླར་ཡང་མཉམ་དུ་གཉེར་བའི“རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་འགྲེམས་སྟོན”ཨའོ་མོན་དུ་བྱས་པ་རེད། ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི170ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་ལ་གཟིགས་ཡོད།

ས་གནས་ཁག་གི་མང་ཚོགས་ཀྱིས་བྱེད་སྒོའི་ནང་ཞུགས་སྐབས་བདེ་དུས་ཉེན་ཟོན་དང་། འཚོ་དུས་འཇིག་ཟོན། ལྷིང་དུས་ཟིང་ཟོན་བཅས་བྱེད་དགོས། མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། ཕྱི་ཕྱོགས་ཀྱི་ཁོར་ཡུག་བརྟན་པོ་མེད་པ། གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཐད་ད་དུང་དོ་མི་སྙོམས་པ་དང་། གང་ལེགས་མ་བྱུང་བ། རྒྱུན་མཐུད་མེད་པ་བཅས་ཀྱི་གནད་དོན་ཡོད་པ་དང་། ལྷག་པར་དུ་ནང་ངོས་དང་ཕྱི་ཕྱོགས་ཁྱབ་ཁོངས་མི་འདྲ་བའི་བདེ་འཇགས་ཀྱི་ཉེན་ཁ་མཉམ་དུ་གནས་པ་དང་། མཉམ་འཁེལ་མཉམ་སྒུལ་བྱེད་ཀྱི་ཡོད་པས། དོགས་ཟོན་ཆེན་པོ་བྱེད་དགོས་ཀྱི་ཡོད། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་སྤེལ་དོན་ནི་ཚང་མར་ལོ་རྒྱུས་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་དེ་རེད་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།