ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་པ་རེན་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱས་པས། ཕྱོགས་གཉིས་བར་མཛའ་བཤེས་ཟབ་མོ་ཆགས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་ཞིང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། བདག་གིས་ཀྲུང་གོ་དང་པ་རེན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་རྒྱལ་བོ་ཧ་མ་ཏི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་པ་རེན་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པ་དང་རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་ནས། ཀྲུང་གོ་དང་པ་རེན་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཧ་མ་ཏི་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། པ་རེན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཛའ་བཤེས་ཟབ་མོ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་དོ་སྣང་ཆེན་པོ་བྱེད་པར་མ་ཟད་མུ་མཐུད་དུ་པ་རེན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་པ་དང་། ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་དུ་གྲུབ་འབྲས་ཆེན་པོ་ལེན་པར་རྟེན་འབྲེལ་ཞུ་བ་ཡིན་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་པ་རེན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧ་ལིས་ཧྥ་རྣམ་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤྱི་ཁོག་ནང་དུ་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཧ་ལིས་ཧྥ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། པ་རེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། པ་རེན་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།