ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས“རྨད་བྱུང་དྲུག་དང་རྩེར་སོན་གཅིག”གི་འཆར་གཞི2.0ལག་བསྟར་བྱེད་འགོ་བཙུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན། ཚན་རྩལ་པུའུ་སོགས་སྡེ་ཚན13གྱིས་ཐེན་ཅིན་དུ་མཉམ་འབྲེལ་ཐོག“རྨད་བྱུང་དྲུག་དང་རྩེར་སོན་གཅིག”གི་འཆར་གཞི2.0ལག་བསྟར་བྱེད་འགོ་བཙུགས་ནས་བཟོ་ལས་ཚན་ཁག་གསར་པ་དང་། གསོ་རིག་ཚན་ཁག་གསར་པ། ཞིང་ལས་ཚན་ཁག་གསར་པ། རིག་གནས་ཚན་ཁག་གསར་པ་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མཐོ་སློབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

གསར་འགོད་པས་ཐེན་ཅིན་དུ་ཚོགས་པའི“རྨད་བྱུང་དྲུག་དང་རྩེར་སོན་གཅིག”གི་འཆར་གཞི2.0ལག་བསྟར་བྱེད་འགོ་འཛུགས་པའི་ཚོགས་ཆེན་ལས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གསོ་པུས་ལོ་གསུམ་ལ་དབྱེ་ནས་འཆར་གཞི་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། བཟོ་ལས་ཚན་ཁག་གསར་པ་འཛུགས་སྐྱོང་ཐད་བཟོ་ལས་ཀྱི་གསར་བརྗེ་ཐེངས་བཞི་པའི་དགོས་མཁོར་ཁ་གཏད་བཅག་ནས་འཐབ་ཇུས་ཀྱི་དགོས་མཁོ་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བདེ་ཐང་གི་ཀྲུང་གོ་སྐྲུན་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པའི་གསོ་རིག་ཚན་ཁག་འཛུགས་སྐྱོང་ཐད་སྨན་བཅོས་གཙོ་བོར་བྱེད་པ་ནས་ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་དང་བདེ་ཐང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མངོན་འགྱུར་ཡོང་བ་བྱས་ཏེ་དམངས་ཡོངས་བདེ་ཐང་གི་ཚད་གཞི་ཆེ་རུ་གཏོང་རྒྱུ། ཞིང་ལས་ཚན་ཁག་གསར་པ་འཛུགས་སྐྱོང་ཐད་དེང་རབས་ཀྱི་ཚན་རིག་ལག་རྩལ་སྤྱད་དེ་ཞིང་ལས་དང་འབྲེལ་བའི་ཆེད་ལས་བསྒྱུར་བཀོད་རིམ་སྤོར་བྱས་ནས་དགུང་སྔོན་ཆུ་དྭངས་དང་། བཟའ་བཅའི་བདེ་འཇགས། འཚོ་བ་ལྷིང་འཇགས་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་རྒྱུར་རམ་འདེགས་བྱ་རྒྱུ། རིག་གནས་ཚན་ཁག་འཛུགས་སྐྱོང་ཐད་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཚན་རྩལ་སྒྱུར་བཅོས་གསར་པ་དང་སྣོན་སྡེབ་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མཁས་ཅན་གསོ་སྐྱོང་བྱས་ནས་གཟི་བརྗིད་ལྡན་པའི་དུས་རབས་དང་གཟི་བརྗིད་ལྡན་པའི་འཛམ་གླིང་གི་ཀྲུང་ཧྭའི་རིག་གནས་གཏོད་རྒྱུ་བཅས་རེད།

སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས། 2009ལོར་རྨད་བྱུང་དང་རྩེར་སོན་གྱི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་འཆར་གཞི་རབ་དང་རིམ་པ་ལག་བསྟར་བྱེད་འགོ་བཙུགས་ཚུན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། “རྨད་བྱུང་དྲུག་དང་རྩེར་སོན་གཅིག”གི་འཆར་གཞི2.0ལག་བསྟར་བྱེད་འགོ་བཙུགས་ནས་སྔོན་ཆད་ཀྱི་འཆར་གཞི་རྐྱང་པ་དེ་འཆར་གཞི་རབ་དང་རིམ་པའི་མཉམ་སྒྲིག་ལ་སྒྱུར་རྒྱུ་དང་། “མི་གཅིག་གིས་དམག་རྒྱག་པ”དེ“ཐུན་མོང་གིས་ནུས་ཤུགས་འདོན་རྒྱུར”སྒྱུར་རྒྱུ་ཡིན་པ་དེ་ལས་མཐོ་རིམ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་དེ་གནད་སྨིན་འཐུས་ཚང་ཕྱོགས་སུ་བསྐྱོད་པ་གང་ལེགས་མཚོན་པ་དང་། དེ་ནི་དུས་རབས་གསར་པའི་ཀྲུང་གོའི་མཐོ་རིམ་སློབ་གསོས“འབད་འཐབ་ཡར་བརྩོན་གྱི་ལེའུ”ཡག་པོ་ཞིག་འབྲི་ཆེད“སྤུས་ཚད་སྒྱུར་བཅོས”བྱས་པ་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།