ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པར་སྡེ་ཚན23གྱིས་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། སྣོད་བཅུད་ཁོར་ཡུག་པུའུ། ཞིང་ལས་གྲོང་གསེབ་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། འགག་སྒོའི་སྤྱི་ཁྱབ་ལས་ཁུངས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན། རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གྲབས་གསོག་ཅུས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། དམངས་སྤྱོད་མཁའ་འགྲུལ་ཅུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། ཀྲུང་གོ་ཚོང་དོན་སྐུལ་འདེད་ཚོགས་པ། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་སོགས་སྡེ་ཚན23གྱིས་མཉམ་འབྲེལ་ཐོག《2019ལོའི་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། ཟླ6པའི་ཟླ་དཀྱིལ་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“སྤྱོད་བཟང་ཁྲིམས་སྲུང་དང་བཟའ་བཅའི་བདེ་འཇགས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད”ཅེས་པ་བརྗོད་དོན་གཙོ་བོ་བྱས་པའི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་གཅིག་སྡུད་སྤེལ་རྒྱུ་གཏན་འཁེལ་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ6པའི་ཚེས19ནས་ཚེས30བར་པུའུ་ཨུའི་བརྗོད་དོན་ཉིན་མོ་དང་། སློབ་གྲྭར་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་བྱེད་པ། བཟའ་བཅའི་བདེ་འཇགས་སྐོར་གྱི་སློབ་སྤྱིའི་གླེང་སྟེགས་སྐབས་གཉིས་པ། བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་མཐོར་གཏོང་ལས་གྲྭའི་སྐུལ་འདེད་ཚོགས་འདུ། བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་ཀྱི་བློ་རིག་དོ་དམ་གྲུབ་འབྲས་བསྡུ་རུབ། བཟའ་བཅའི་བདེ་འཇགས་ཁེ་ལས་ཀྱི་དོ་དམ་བགྲོ་གླེང་ཚོགས་འདུ། བཟའ་བཅའི་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་སྤེལ་རེས་ཚོགས་འདུ། བཟའ་བཅའི་བདེ་འཇགས་ཀྱི་དཀྲོག་གཏམ་བཅོས་སྐྱོང་བྱ་སྤྱོད། རྒྱལ་ཡོངས་ཀྱི་བྱིས་པའི་བཟའ་བཅའི་བདེ་འཇགས་དང་བདེ་ཐང་ལྟ་སྲུང་བྱ་སྤྱོད་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ50ལྷག་སྔ་རྗེས་སུ་སྤེལ་རྒྱུ་ཡིན་པ་རེད།

དྲིལ་བསྒྲགས་གཟའ་འཁོར་རིང་། དེ་མིན་ད་དུང་རྒྱ་ཆེའི་སྤྱི་དམངས་ལ་ཁ་ཕྱོགས་པའི་བཟའ་བཅའི་བདེ་འཇགས་ཀྱི་དྲ་རྒྱའི་ཤེས་བྱའི་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་དང་། གཏོང་སྤྲོད་འབོ་ཡི“དྲིས་ལན་འདེབས་པ”དང“བཟའ་བཅའི་བདེ་འཇགས་ཞིབ་བཤེར་འགྲན་བསྡུར”གྱི་སྐད་འཕྲིན་བརྒྱུད་ནས་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱའི་འགྲན་བསྡུར་ནང་ཞུགས་ཆོག་གི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།