ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨོ་སི་ཁྲུ་རི་ཡར་དངོས་གཞིའི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་རི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སོ་པོ་ཐི་ཁ་དང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཨ་ཕེ་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཨོ་སི་ཁྲུ་རི་ཡར་དངོས་གཞིའི་འཚམས་འདྲི་བྱས་པར་མ་ཟད། ཝེ་ཡེ་ན་ནས་ཙུང་ཐུང་ཧྥན་ཏི་པེ་ལུན་དང་ཙུང་ལི་ཁུའུ་ཨར་ཚིས་གཉིས་ལ་མཇལ་འཕྲད་གནང་བ་དང་སོ་པོ་ཐི་ཁ་དང་ཨ་ཕེ་གཉིས་དང་གྲོས་མོལ་མཛད།

ཧྥན་ཏི་པེ་ལུན་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡ་དང་བཅས་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྣ་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་པ་དང་ལག་རྡང་སྦྲེལ་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་ཞིང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཧྥནཏི་པེ་ལུན་གྱིས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོས་གནད་དོན་གང་མང་ཐད་འཛིན་པའི་ལངས་ཕྱོགས་གཅིག་འདྲ་དང་གཅིག་མཐུན་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ཏེ། ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་འཇལ་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཁུའུ་ཨར་ཚིས་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཉམ་ལས་ཀྱི་འཕར་ས་གཙོ་བོ་རུ་གྱུར་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ཀྱི་སྦས་ཤུགས་སྔར་ལས་སྔོག་འདོན་བྱེད་པ་དང་ཆེས་མཐོའི་གསར་བཟོ་དང་ནུས་གྲོན་ཁོར་སྲུང་། སྐྱེ་ཁམས་ཞིང་ལས། གནས་སྐོར་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར། ཁུའུ་ཨར་ཚིས་ཀྱིས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དེས་རྒྱལ་ཁབ་སོ་སོས་འདྲ་མཉམ་མཉམ་ལས་བྱེད་པར་སྟེགས་བུ་གསར་བ་ཞིག་བསྐྲུན། ཀྲུང་གོ་ནི་ཨེ་ཤ་ཡ་ནས་ཨོ་སི་ཁྲུ་རི་ཡའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཐད་ནས་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་མཉམ་ལས་ཀྱི་འདུན་པ་དྲག་པོ་དང་སྦས་ཤུགས་ཆེན་པོ་ཡོད་པས། སྔར་ལས་མང་པོའི་ཀྲུང་གོའི་ཁེ་ལས་ཨོ་སི་ཁྲུ་རི་ཡར་ཡོང་ནས་དངུལ་གཏོང་ལས་གཉེར་བྱེད་པར་དགའ་བསུ་ཞུ་བ་ཡིན་ཟེར།

སོ་པོ་ཐི་ཁ་དང་ཨ་ཕེ་གཉིས་དང་གྲོས་མོལ་མཛད་སྐབས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་བྱེད་སྐབས་རྒྱལ་ཁབ་ཀྱི་འབྲེལ་བའི་འཕེལ་རྒྱས་མཐུན་པར་བྱས་ཏེ། རྒྱུན་དུ་འགྲོ་འོང་བྱེད་པ་དང་རྒྱུན་ལོན་ཟབ་མོ་བྱེད་དགོས་ལ། ཁྲིམས་འཛུགས་ལྟ་སྐུལ་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་བཟུང་ནས། དངོས་གཉེར་མཉམ་ལས་ལ་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ཟེར། སོ་པོ་ཐི་ཁ་དང་ཨ་ཕེ་གཉིས་ཀྱིས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་ཞིང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲོས་མཐུན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་དང་རིག་གནས་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།