ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་མ་ལག་འཛུགས་རྒྱུ་དང་སྦྲགས་ལྟ་སྐུལ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ནི་རྒྱལ་ཁབ་ཀྱི་བར་སྟོང་འཕེལ་རྒྱས་གཏོང་བའི་ཕྱོགས་སྟོན་དང་། རྒྱུན་སྲིང་འཕེལ་རྒྱས་ཀྱི་བར་སྟོང་གི་འཆར་གཞི། གསར་སྤེལ་སྲུང་སྐྱོང་འཛུགས་སྐྲུན་བྱེད་སྒོ་སྣ་ཚོགས་ཀྱི་རྩ་བའི་གཞི་འཛིན་ས་བཅས་རེད། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་མ་ལག་འཛུགས་པ་དང་སྦྲགས་ལྟ་སྐུལ་ལག་བསྟར་བྱེད་པར། བྱེད་པོའི་བྱེད་ནུས་ཁུལ་འཆར་འགོད་དང་། ས་ཆ་བཀོལ་སྤྱོད་འཆར་འགོད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སོགས་གཅིག་གྱུར་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་མཉམ་འདྲེས་ཀྱིས“འཆར་འགོད་མང་པོ་གཅིག་སྒྲིལ”མངོན་འགྱུར་ཡོང་བར་བྱས་ནས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱིས་ཆེད་དོན་འཆར་འགོད་ཁག་ལ་མཛུབ་སྟོན་དང་གཅུན་འདོམས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་རེད།

དོན་སྙིང་གལ་ཆེན། རིམ་པ་ཁག་དང་རིགས་ཁག་གི་བར་སྟོང་འཆར་འགོད་ལས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་མྱུར་པོ་ཡོང་བར་འདེགས་སྐྱོར་བྱེད་པ་དང་། རྒྱལ་ཁབ་ས་ཆའི་བར་སྟོང་ལུགས་མཐུན་ངང་སྤྱོད་པར་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་ནུས་ལྡན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་མོད། འོན་ཀྱང་འཆར་འགོད་ཀྱི་རིགས་མང་དྲགས་ལ་ནང་དོན་བསྐྱར་ཟློས་དང་མི་མཐུན་པའི་ཆ་ཆེ་བ་དང་། ཞིབ་མཆན་གྱི་བརྒྱུད་རིམ་རྙོག་དྲ་ཆེ་ལ་དུས་ཡུན་རིང་བ། ས་གནས་ཀྱི་འཆར་འགོད་དུས་ངེས་མེད་དུ་བསྒྱུར་བ་སོགས་ཀྱི་གནད་དོན་ཡང་ལྷག་ཡོད། རྒྱལ་ཡོངས་གཅིག་གྱུར་དང་། འགན་དབང་ཁ་གསལ། ཚན་རིག་ནུས་ཆེ་བཅས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་མ་ལག་ཅིག་འཛུགས་པར་དུས་རབས་གསར་པའི་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ཞིག་སྤྱི་ཡོངས་ནས་འཆར་འགོད་དང་། མི་འབོར་ཁྱབ་ཁོངས་དང་། དཔལ་འབྱོར་བཀོད་སྒྲིག རྒྱལ་ཁབ་ས་ཆ་བེད་སྤྱོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག ཐོན་སྐྱེད་ཀྱི་བར་མཐོངས་དང་། འཚོ་བའི་བར་མཐོངས། སྣོད་བཅུད་ཀྱི་བར་མཐོངས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བཅས་བྱ་རྒྱུ་ནི་ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པར་བྱེད་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་གསུམ་གྱི་འགག་རྩའི་བྱེད་ཐབས་ཤིག་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ལེགས་ཀྱི་འཚོ་བ་མངོན་གྱུར་ཡོང་བ་བྱེད་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་གསུམ་གྱི་བྱེད་ཐབས་གལ་ཆེན་ཞིག རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བ་གསུམ་གྱི་དགོས་ངེས་ཀྱི་བླང་བྱ་ཞིག་བཅས་རེད།

མཛུབ་ཁྲིད་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཐམས་ཅད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ་བཅས་བྱས་ཏེ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་རྒྱལ་ཁབ་འཆར་འགོད་མ་ལག་ཁྲོད་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་དོན་ཐོག་ཏུ་འཁྱོལ་བ་བྱ་ཕྱིར་བར་མཐོངས་ཀྱི་འགན་ལེན་བྱེད་དགོས། རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། འཐབ་ཇུས་རང་བཞིན་མཚོན་པར་བྱེད་པ་དང་། ཚན་རིག་རང་བཞིན་མཐོ་རུ་གཏོང་བ། དབང་གྲགས་རང་བཞིན་ཆེ་རུ་གཏོང་བ། མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་པ། བཀོལ་སྤྱོད་རང་བཞིན་ལ་སྣང་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོང་དེ་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ལྡན་པ། རྒྱུན་སྲིང་དེ་བས་ཐུབ་པ་བཅས་ཡོང་བ་བྱེད་དགོས།

དམིགས་ཚད་གཙོ་བོ། 2020ལོར་སླེབས་སྐབས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་མ་ལག་རྩ་བའི་ཆ་ནས་འཛུགས་ཐུབ་པ་དང“འཆར་འགོད་མང་པོ་གཅིག་སྒྲིལ”གྱི་འཆར་གཞི་བཟོ་འགོད་ལ་ཞིབ་མཆན་འགོད་པའི་མ་ལག་དང་། ལྟ་སྐུལ་བྱེད་པའི་མ་ལག ཁྲིམས་སྲོལ་སྲིད་ཇུས་མ་ལག ལག་རྩལ་ཚད་གཞིའི་མ་ལག་བཅས་རིམ་བཞིན་འཛུགས་ཐུབ་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་རྫོང་ཡན་གྱི་རིམ་ཁག་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་གཞི་བཟོ་འགོད་རྩ་བའི་ཆ་ནས་ལེགས་གྲུབ་ཐུབ་པར་བྱས་ནས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོང་གི“ས་བཀྲ་ཞིག”རགས་ཙམ་ཆགས་པ་བྱ་རྒྱུ་དང་། 2025ལོར་སླེབས་སྐབས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་ཁྲིམས་སྲོལ་སྲིད་ཇུས་དང་ལག་རྩལ་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ས་ཆའི་བར་སྟོང་གི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ལས་རྗེས་དཔྱད་ཞིབ་ལམ་སྲོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་རྨང་གཞིར་བྱས་པ་དང་གཅིག་གྱུར་ཐོག་སྤྱོད་ཡུན་དོ་དམ་བྱེད་ཐབས་སུ་བྱས་པའི་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོང་ལམ་ལུགས་ཤིག་ཆགས་པར་བྱ་རྒྱུ། 2035ལོར་སླེབས་སྐབས་རྒྱལ་ཁབ་ས་ཆའི་བར་སྟོང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཐོན་སྐྱེད་ཀྱི་བར་མཐོངས་ལེགས་བསྡུས་ནུས་ཆེ་དང་། འཚོ་བའི་བར་མཐོངས་སྡོད་མལ་དང་ཚད་དང་རན་པ། སྣོད་བཅུད་ཀྱི་བར་མཐོངས་རི་སྔོ་ཆུ་དྭངས་ཡིན་པ། དེ་བཞིན་བདེ་འཇགས་ཞི་མཐུན་དང་། འགྲན་རྩོད་ཀྱིས་ཕྱུག་པ། རྒྱུན་སྲིང་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་རྣམ་པ་ཞིག་རྩ་བའི་ཆ་ནས་ཆགས་པར་བྱ་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།